ཚོགས་སྡེའི་འཐུས་མི་ ལྷ་སྐྱིད་སྒྲོལ་མ།

རྒྱལ་ཡོངས་ཚོགས་སྡེ་གིས་ཡང་ ཏམ་ཁུ་དམ་འཛིན་བཅའ་ཁྲིམས་འཕྲི་སྣོན་ལུ་རྒྱབ་སྐྱོར།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེ་ནང་ བསྟན་རྒྱས་བློན་པོ་ལོག་ནཱཐ་ཤར་མ་གིས་ འབྲུག་གི་ཏམ་ཁུ་དམ་འཛིན་འཕྲི་སྣོན་དཔྱད་ཡིག་༢༠༢༡ ཅན་མ་དེ་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ བསྒྱུར་བཅོས་འབད་དགོཔ་ བྱུང་པའི་སྐོར་ གསལ་ཞུ་ཕུལ་ཡི།

བསྟན་རྒྱས་བློན་པོ་གིས་འབད་བ་ཅིན་ ཏམ་ཁུའི་ཁྲལ་བརྒྱ་ཆ་༡༠༠ བཀལ་སྲོལ་ཡོད་མི་དེ་ མེདཔ་བཟོ་མི་དེ་ཡང་ ནག་ཚོང་ཚུ་ བཀག་འཛིན་འབད་མ་ཚུགས་མི་ལུ་བརྟེན་ཨིན་ཟེར་ཨིན་པས།

ཏམ་ཁུ་བཅའ་ཁྲིམས་དང་གཅིག་ཁར་ འབྲུག་གི་ཁྲལ་དཔྱད་ཡིག་༢༠༢༡ ཅན་མ་དེ་ཡང་ བསྒྱུར་བཅོས་འབད་དགོཔ་ཐོན་ཡི་ཟེར་ བློན་པོ་གིས་ ཞུ་ཡི།

སྤུ་ན་ཁའི་འཐུས་མི་ ལྷ་སྐྱིད་སྒྲོལ་མ་གིས་ ཞུ་མིའི་ནང་ འབྲུག་གི་ཏམ་ཁུ་དམ་འཛིན་འཕྲི་སྣོན་དཔྱད་ཡིག་༢༠༢༡ ཅན་མ་དེ་ འཕྲལ་མཁོའི་དཔྱད་ཡིག་སྦེ་ ངོས་ལེན་མཛད་པའི་སྐབས་ ཏམ་ཁུ་ཚུ་ གོང་ཚད་རན་ཏོང་ཏོ་ཐོག་ ག་ཏེ་ལས་ར་ ཐོབ་ཚུགས་ནི་དེ་གིས་ ཧེ་མ་ འཐུང་ནི་དང་ སྤྱོད་ནི་མེད་མི་ དེ་ལས་ སྤངས་མི་ཚུ་གིས་ཡང་ ལོག་འཐུང་ནི་དང་ ན་གཞོན་ཚུ་ལུ་ སེམས་ཤུགས་མི་བསྐྱེད་ག་ཟེར་བའི་ ཚ་གྱང་བཤད་ནི་འདུག་ཟེར་ཨིན་པས།

རྒྱལ་ཡོངས་ཚོགས་འདུ་གིས་ བཅའ་ཁྲིམས་འཕྲི་སྣོན་མཛད་པའི་ཤུལ་ལས་ མི་སྡེ་བརྡ་བརྒྱུད་ཚུ་ནང་ཡང་ མི་མང་འཛོམས་ས་དང་ གླ་འཁོར་གྱི་ ས་ཁོངས་ཚུ་ནང་ཡང་ ཏམ་ཁུ་འཐུང་ཆོག་པའི་ པར་རིས་ཚུ་ བཀྲམ་སྤེལ་འབད་བའི་ཁར་ ཉོ་བཙོང་འཐབ་ཆོགཔ་དང་འབྲེལ་ ག་ལྷོད་སར་ འཐུང་ཆོགཔ་བཟུམ་མའི་ ཚོར་སྣང་ཡང་ བྱུང་སྟེ་འདུག་ཟེར་ འཐུས་མི་ལྷ་སྐྱིད་སྒྲོལ་མ་གིས་ ཞུ་ཡི།

དེ་འབདཝ་ལས་ ཏམ་ཁུ་དམ་འཛིན་བཅའ་ཁྲིམས་དེ་ ཨིན་ཅི་མིན་ཅི་ འཕྲི་སྣོན་འབད་དགོཔ་ ཡོདཔ་ཨིན་ན་དང་ ཁྲལ་གྱི་དཔྱད་ཡིག་བཟུམ་སྦེ་ གནས་སྐབས་ཅིག་ མཚམས་འཇོག་འབད་ཐབས་མིན་འདུག་ག་ཟེར་ མི་སེར་ཚུ་གིས་ ཚ་གྱང་བཤདཔ་མས་ཟེར་ཞི་ཡི།

འཐུང་ཆོག་པའི་ ས་གོ་ཚུ་ ག་ཏེ་དང་ ག་དེ་སྦེ་ ངོས་འཛིན་འབད་དེ་ ཡོདཔ་ཨིན་ན་དང་ ལོ་ཚད་ལས་འབད་བ་ཅིན་ ག་དེམ་ཅིག་ལས་ འཐུང་ཆོགཔ་ཨིན་ན་གི་ ལམ་ལུགས་དང་ སྲིད་བྱུས་ཚུ་ ཡོད་དེ་འབད་རུང་ བསྟར་སྤྱོད་འབདཝ་ད་ འཐུས་ཤོར་བྱུང་བཞིན་དུ་ཡོདཔ་ལས་ ད་རེས་གཞུང་གིས་ འཐུས་མི་ཤོར་ནིའི་དོན་ལུ་ ཕྱག་ལཱ་ག་དེ་སྦེ་ར་གནང་ནི་ཨིན་ན་ཟེར་ འཐུས་མི་གིས་ ཞུ་ཡི།

མགར་སའི་འཐུས་མི་ རྡོ་རྗེ་མཁའ་འགྲོ་གིས་ ས་མཚམས་ཁྲོམ་སྡེ་ཚུ་ནང་ ནད་ཡམས་ལུ་བརྟེན་ དཀའ་ངལ་བྱུང་མི་ལུ་བརྟེན་ གཞུང་གིས་ བཅའ་ཁྲིམས་འཕྲི་སྣོན་མཛད་དོ་བཟུམ་ཅིག་ ཚོར་སྣང་བྱུང་ཡི་ཟེར་ཞུ་ཡི།

ཞིབ་འཚོལ་དང་འཁྲིལཝ་ད་ འཛམ་གླིང་ནང་ ཏམ་ཁུ་འཐུང་མི་དང་ སྤྱོད་མི་ལུ་བརྟེན་ ལོ་བསྟར་བཞིན་དུ་ མི་ཤི་རྐྱེན་ས་ཡ་༨ ལྷགཔ་ཅིག་ བྱུང་མིའི་གྲས་ལས་ ས་ཡ་༧ དེ་ ཐད་ཀར་དུ་ ཏམ་ཁུ་འཐུང་མི་དང་ ས་ཡ་༡ ཐད་ཀར་མིན་པའི་ཐོག་ལས་ ཏམ་ཁུའི་དུག་པ་ཚུ་ལུ་བརྟེན་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།

གསོ་བ་ལྷན་ཁག་དང་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ སྙན་ཞུ་དང་འཁྲིལཝ་ད་ འབྲུག་ལུ་ ཏམ་ཁུ་ལུ་བརྟེན་ ལོ་བསྟར་བཞིན་དུ་ མི་༢༢༠ ལྷགཔ་རེ་ ཤི་རྐྱེན་བྱུང་མི་དང་ ཏམ་ཁུ་ལུ་བརྟེན་ མི་༢༠༠ ལྷགཔ་ཅིག་ལུ་ ནད་གཞི་ཀེན་སར་ཐོབ་སྟེ་འདུག་ཟེར་ འཐུས་མི་རྡོ་རྗེ་མཁའ་འགྲོ་གིས་ ཞུ་ཡི།

ནད་ཡམས་ལུ་བརྟེན་ འཛམ་གླིང་ནང་ ད་ལྟོ་ཚུན་ མི་ས་ཡ་༣.༩༢ དེ་ཅིག་ལུ་ ཤི་རྐྱེན་བྱུང་མི་དང་ ཏམ་ཁུ་ལུ་བརྟེན་ ལོ་བསྟར་བཞིན་དུ་ ཤི་རྐྱེན་བྱུང་མི་༢ ཀྱི་ཁྱད་པར་ལུ་བལྟ་རུང་ ཤེས་རྟོགས་བྱུངམ་མ་ཚད་ རྒྱལ་ཁབ་ནང་ ཀོ་བིཌ་-༡༩ དང་འབྲེལ་བའི་ ཚེ་སྲོག་ལུ་ བར་ཆད་བྱུང་མི་ མི་༡ ལས་བརྒལ་ མ་ཐོན་ཟེར་ཞུ་ཡི།

གསོ་བའི་མཁས་མཆོག་ལྡན་པའི་ གཞུང་གི་འགོ་ཁྲིདཔ་ཚུ་གིས་ འབྲུག་པའི་མི་སེར་གྱི་ མཐའ་དོན་ལུ་ གཟིགས་དོ་ཟེར་བ་ཅིན་ ཐབས་ལམ་གཞན་བཏོན་ནིའི་ གོ་སྐབས་ཡོད་རུང་ ད་རེས་ བཅའ་ཁྲིམས་འཕྲི་སྣོན་ལུ་བརྟེན་ མི་ཚུ་གི་ གཟུགས་ཁམས་འཕྲོད་བསྟེན་ལུ་  ཁྱོསམ་བཟུམ་ཅིག་ གཞུང་གིས་ མཛད་ཡོདཔ་ལས་ བློ་ཕམ་སི་སི་དང་ ཚ་གྱང་ལང་དགོ་པའི་ གཞི་གནད་ལུ་ གྱུར་ཡི་ཟེར་ ཁོ་གིས་ ཞུ་ཡི།

མི་ཚུ་གིས་ ས་མཚམས་ཁྲོམ་དང་ ས་མཚམས་ལས་བརྒལ་ཏེ་ ཁྲིམས་འགལ་ཐོག་ ནག་བཙོང་འབད་མི་ལུ་ གཞི་བཞག་སྟེ་ འཕྲི་སྣོན་འབད་བ་ཅིན་ སྨྱོ་རྫས་རིགས་ཚུ་ཡང་ གཞུང་གིས་ ད་ལས་ཕར་ ཉོ་བཙོང་འཐབ་ཆོགཔ་ བཟོ་དགོཔ་འདུག་ཟེར་ཞུ་ཡི།

ན་ཧིང་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་ལྷོད་མི་དང་འཁྲིལཝ་ད་ སྨྱོ་རྫས་དང་ ཏམ་ཁུ་ནག་བཙོང་འཐབ་མི་ གནད་དོན་༡༩༢ ལས་༡༤༠ དེ་ སྨྱོ་རྫས་ཨིནམ་ལས་ འཕྲི་སྣོན་དེ་གིས་ ཏམ་ཁུ་ནག་ཚོང་མར་ཕབ་དང་ ནད་ཡམས་ག་དེ་སྦེ་ བཀག་ཚུགས་འོང་ག་ཟེར་བའི་ དོགས་སྣང་ཡོད་ཟེར་ཞུ་ཡི།

ཀྲོང་གསར་གྱི་འཐུས་མི་་་་་་་གིས་ ད་ལས་ཕར་ ཏམ་ཁུ་འཐུང་མི་ཡར་སེང་འགྱོ་ནི་ཨིནམ་ལས་ འཕྲི་སྣོན་མཛད་ནིའི་དོན་ལུ་ གཞུང་གིས་ ཞིབ་འཚོལ་མཐིལ་ཕྱིན་ཅིག་ ག་དེ་སྦེ་ར་མཛད་གནང་ཡི་ཟེར་ ཞུ་ཡི།

མོང་སྒར་གྱི་འཐུས་མི་ བསོད་ནམས་དཔལ་འཛོམས་ཀྱིས་ ཞུ་མིའི་ནང་ ད་ལས་ཕར་ གཞུང་གིས་ ཏམ་ཁུ་འཐུང་མི་ཚུ་གིས་ སྤང་ནི་དང་ བཞག་ནིའི་དོན་ལུ་ བདེ་སྒྲིག་ག་དེ་སྦེ་ བཟོ་ཡོདཔ་ཨིན་ན་དང་ འཐུང་མ་ཆོག་པའི་ ས་ཁོངས་ཚུ་ནང་ འཐུང་མི་ཚུ་ བདའ་ཟུན་ཐབས་ལུ་ སི་སི་ཊི་བི་པར་ཆསབཙུགས་ནི་གི་ ཐབས་ལམ་སྒྲིག་དོ་ག་ཟེར་ཨིན་པས།

ཧཱ་རྫོང་ཁག་གི་ འཐུས་མི་་་་་གིས་ ཏམ་ཁུ་ཚུ་ འཇམ་ཏོང་ཏོ་དང་ གོང་ཚད་རན་ཏོག་ཏོ་སྦེ་ འཐོབ་ཚུགས་ནི་ཨིནམ་ལས་ ན་གཞོན་ཚུ་གིས་ ལྷག་པར་དུ་ སྤྲོ་བ་ལེན་ཏེ་ ལང་ཤོར་ཐལ་ནིའི་ ཉེན་ཁ་འདུག་ཟེར་ཞུ་ཡི།

ཁྱད་ལྡན་གྱི་འཐུས་མི་ ཨྱོན་ཚེ་རིང་གིས་ ཞུ་མིའི་ནང་ སྤྱི་ལོ་༢༠༡༠ ལུ་ ཏམ་ཁུ་དམ་འཛིན་བཅའ་ཁྲིམས་ཆ་འཇོག་གྲུབ་པའི་ཤུལ་ལས་ མི་ཅིག་གིས་ དངུལ་ཀྲམ་༡༢༠ འབད་མི་ ཏམ་ཁུ་ནང་འདྲེན་འབད་མི་ལུ་བརྟེན་ ཉེས་ཁྲིམས་ལོ་༣ ཕོག་ཡོདཔ་ལས་ རྒྱལ་ཁབ་ཕྱི་ནང་ལས་ ཁྲིམས་ཀྱི་མཁས་མཆོག་ཚུ་གིས་ ཏམ་ཁུ་དམ་འཛིན་བཅའ་ཁྲིམས་དང་ རྒྱལ་ཁབ་ཀྱི་ ཁྲིམས་ཀྱི་རིང་ལུགས་ལུ་ ཁ་ཉེས་བཀོད་ཡི་ཟེར་ཨིན་པས།

རྒྱལ་ཁབ་ནང་ ཁྲིམས་མགུ་རྙོགས་དྲགས་དེ་ ཏམ་ཁུ་དམ་འཛིན་བཅའ་ཁྲིམས་ཨིནམ་ལས་ ཁྲིམས་རྩོདཔ་དང་ མི་སེར་ཚུ་ ག་ཅི་མགུ་འཐོམ་ནི་ ཐ་ན་ དྲང་དཔོན་ཚུ་ཡང་ མགུ་འཐོམ་སྟེ་ཡོད་མི་དེ་ཡང་ འབྲུག་གི་ཏམ་ཁུ་དམ་འཛིན་བཅའ་ཁྲིམས་༢༠༡༠ ཅན་མ་དང་ ཏམ་ཁུ་དམ་འཛིན་འཕྲི་སྣོན་བཅའ་ཁྲིམས་༢༠༡༢ ཅན་མ་ ཏམ་ཁུ་དམ་འཛིན་འཕྲི་སྣོན་བཅའ་ཁྲིམས་༢༠༡༤ ཅན་མ་ དེ་ལས་ དམ་འཛིན་འཕྲི་སྣོན་བཅའ་ཁྲིམས་༢༠༢༡ ཅན་མ་ དེ་ལས་ ད་རུང་ ནད་ཡམས་ཞི་བའི་ཤུལ་ལས་ བཅའ་ཁྲིམས་བསྐྱར་གསོ་འབདཝ་ད་ རྒྱལ་ཁབ་ནང་ བཅའ་ཁྲིམས་༥ འོང་ནི་མས་ཟེར་ འཐུས་མི་ཨྱོན་ཚེ་རིང་གིས་ ཞུ་ཡི། 

རྒྱལ་ཁབ་གཞན་ཚུ་ནང་འབད་བ་ཅིན་ བཅའ་ཁྲིམས་བསྒྱུར་བཅོས་འབད་དེ་ གཅིག་མཚུངས་བཟོ་ཐོག་ལས་ བསྟར་སྤྱོད་འབདཝ་ད་ བདེ་ཏོག་ཏོ་ཡོད་རུང་ འབྲུག་ལུ་ དེ་སྦེ་མིན་འདུག་ཟེར་ཞུ་ཡི།

ད་ལྟོ་ཚུན་ བཙོན་ཁྲིམས་ཕོག་མི་༡༤༠ དེ་ཅིག་ཡོདཔ་ལས་ འཕྲི་སྣོན་བཅའ་ཁྲིམས་དེ་གིས་ ཁེ་ཕན་འབྱུང་ཚུགས་ནི་ཨིན་ན་དང་ ཏམ་ཁུ་ཐོན་སྐྱེད་ལུ་བརྟེན་ ཉེས་བྱ་བཏབ་དགོ་མི་ཚུ་ ད་རེས་ བཙོན་ཁྲིམས་ཕོག་མི་ལེ་ཤ་ཡོདཔ་ལས་ དེ་ཚུ་ལུ་ཡང་ ཁེ་ཕན་འབྱུང་ཚུགས་ག་ཟེར་ དྲི་བ་ཞུ་ཡི།

བསྟན་རྒྱས་བློན་པོ་གིས་ བཅའ་ཁྲིམས་འཕྲི་སྣོན་དེ་ ཏམ་ཁུ་འཐུང་མི་དང་ བཙོང་མི་ཚུ་གི་དོན་ལུ་མེན་པར་ ནད་ཡམས་ལུ་བརྟེན་ འབྲུག་མི་ཡོངས་ལུ་ སྟབས་མ་བདེཝ་བྱུང་མི་དེ་ སེལ་ཐབས་ལུ་ཨིནམ་ལས་ འཐུས་མི་ཚུ་གིས་འབད་རུང་ རྒྱབ་སྐྱོར་མཛད་གནང་ཟེར་ཞུ་ཡི།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ས་མཚམས་ཚུ་ནང་ ནན་བསྐྱར་དུ་ གཟིགས་སྐོར་གནང་མི་དང་ བསམ་རྩེ་དང་ སྒོམ་ཀྲུ་ལུ་ མི་སྡེ་ནང་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ ཡར་སེང་སོང་མི་དེ་ གནད་དོན་ག་ཅི་ཨིན་ན་ ཤེས་དགོཔ་གལ་ཆེ་ཟེར་ བློན་པོ་གིས་ ཞུ་ཡི།

ཚོགས་སྡེའི་འཐུས་མི་ཚུ་གིས་ བསམ་འཆར་འདྲ་མིན་སྣ་ཚོགས་ཞུ་ཡོད་རུང་ རྒྱལ་ཡོངས་ཚོགས་འདུ་གིས་ འཕྲལ་མཁོའི་དཔྱད་ཡིག་ཆ་འཇོག་གྲུབ་མི་ལུ་ རྒྱབ་སྐྱོར་ཕུལ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *