གཞལམ་སྒང་རྫོང་། པར་་་རྫོང་བདག་བློ་བཟང་རྡོ་རྗེ།

རྒྱལ་ཡོངས་ཚོགས་སྡེ་གིས་ གཞུང་ལུ་ གཞལམ་སྒང་བསྒྱུར་བཅོས་མེད་པར་ རང་འཇགས་བཞག་དགོ་པའི་ཞུ་བ།

༉ གཞུང་གིས་ ལྟ་བཤལ་གོང་འཕེལ་གཏང་ནིའི་དོན་ལུ་ གཞལམ་སྒང་དེ་ གཙོ་རིམ་ཅན་གྱི་ རྫོང་ཁག་སྦེ་ ངོས་འཛིན་འབད་བའི་ཤུལ་ལས་ གསར་སྤང་རྫོང་ཁག་ལུ་ སོར་བསྒྱུར་འབད་མི་དེ་ ཁྲིམས་དང་མ་མཐུན་པའི་ གྲོས་ཆོད་ཅིག་ཨིན་པས་ཟེར་ རྒྱལ་ཡོངས་ཚོགས་སྡེ་གིས་ བཤདཔ་ཨིན་པས།
དེ་ཡང་ རྒྱལ་ཡོངས་ཚོགས་སྡེ་གིས་ བློན་ཆེན་ལུ་ ཡི་གུ་བྲིས་ཡོདཔ་མ་ཚད་ དེ་གི་འདྲ་ཚུ་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་དང་ ཕྱི་འབྲེལ་བློན་པོ་ དེ་ལས་ ལྡོག་ཕྱོགས་འགོ་ཁྲིདཔ་ཚུ་ལུ་ བཏང་ཐོག་ལས་ གཞུང་ལུ་ བརྡ་དོན་སྤྲོད་ཡོདཔ་ཨིན་པས།
གནད་དོན་དེ་གི་སྐོར་ལས་ ཚོགས་སྡེ་གིས་ འཕྲལ་ཁམས་ཅིག་ཁར་ ཞལ་འཛོམས་ཅིག་འཚོགསཔ་ད་ ཐག་བཅད་ཡོདཔ་ད་ རྒྱལ་ཡོངས་ཚོགས་འདུ་གིས་ སྤྱི་ཟླ་༦ པའི་ཚེས་༡༤ ལུ་ རྒྱལ་ཡོངས་འཆར་དངུལ་སྙན་ཞུ་༢༠༡༩-༢༠ ཅན་མ་ ཆ་འཇོག་གྲུབ་མིའི་ནང་ གཞལམ་སྒང་དང་ ལྷུན་རྩེ་ དར་དཀར་ནང་ དེ་ལས་ མགར་ས་རྫོང་ཁག་ཚུ་ནང་ དམིགས་བསལ་གྱི་ ལྟ་བཤལ་གོང་འཕེལ་གཏང་ཐབས་ལུ་ དངུལ་ཀྲམ་ས་ཡ་༡༡ རེ་ བགོ་བཀྲམ་འབད་ནུག།
ཨིན་རུང་ འཆར་དངུལ་སྙན་ཞུ་དེ་ ཆ་འཇོག་གྲུབ་སྟེ་ ཉིན་གྲངས་༡༠ གྱི་རྒྱབ་ལས་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་གྱིས་ སྤྱི་ཟླ་༦ པའི་ཚེས་༢༤ ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་ དྲུང་ཆེན་ལུ་ འབྲུག་གི་ལྟ་བཤལ་ཚོགས་སྡེ་གིས་ འཆར་གཞི་༡༢ པའི་ནང་ ལྟ་བཤལ་གོང་འཕེལ་གཏང་ནིའི་དོན་ལུ་ རྫོང་ཁག་༤ གཙོ་རིམ་བཟུང་མིའི་གྲས་ལས་༡ གཞལམ་སྒང་རྫོང་ཁག་ཨིན་རུང་ དེ་གི་ཚབ་སྦེ་ གསར་སྦང་རྫོང་ཁག་བཙུགས་དགོ་པའི་ གྲོས་འཆར་དང་འཁྲིལ་ཏེ་ བློན་ཆེན་གྱིས་ བཀའ་གྲོལ་ཡོད་པའི་ ཡི་གུ་བཏང་ནུག།
བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་ ཁྲི་འཛིན་དང་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་ འབྲུག་ལྟ་བཤལ་ཚོགས་སྡེའི་ ཁྲི་འཛིན་ཨིན་པས།
 རྒྱལ་ཡོངས་ཚོགས་སྡེ་གིས་འབད་བ་ཅིན་ འཆར་དངུལ་དཔྱ་བགོའི་དཔྱད་ཡིག་༢༠༡༩-༢༠ ཅན་མའི་ནང་ གཞལམ་སྒང་དང་ ལྷུན་རྩེ་ དར་དཀར་ནང་ དེ་ལས་ མགར་ས་རྫོང་ཁག་ནང་ དམིགས་བསལ་དུ་ ལྟ་བཤལ་གོང་འཕེལ་གཏང་ཐབས་ལུ་ དངུལ་ཀྲམ་ས་ཡ་༡༡ རེ་ བགོ་བཀྲམ་འབད་དེ་ཡོད་ཟེར་ཨིན་པས།
རྒྱལ་ཡོངས་འཆར་དངུལ་སྙན་ཞུ་ རྩིས་ལོ་༢༠༡༩-༢༠ ཅན་མ་དེ་ ལས་སྣ་ཚུ་ འགོ་འདྲེན་འཐབ་ནིའི་དོན་ལས་ ཁྲིམས་མཐུན་སྦེ་ ཆ་འཇོག་གྲུབ་ཡོདཔ་ལས་ གཞུང་གིས་ མ་དངུལ་བགོ་བཀྲམ་དང་འཁྲིལ་ཏེ་ ལས་རིམ་དང་ ལས་སྣ་ཚུ་ ལག་ལེན་འཐབ་དགོ་ཟེར་ཨིན་པས།
ཚོགས་སྡེ་གིས་ དོགས་སེལ་འབད་མིའི་ནང་ འཆར་དངུལ་སྙན་ཞུ་དེ་ འཆར་དངུལ་དཔྱ་བགོའི་དཔྱད་ཡིག་༢༠༡༩-༢༠ ཅན་མའི་ ཡན་ལག་ཅིག་ཨིནམ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལས་ བཀའ་གྲུབ་ཞིནམ་ལས་ བཅའ་ཁྲིམས་ལུ་ བསྒྱུར་འོང་ཟེར་ཨིན་པས།
གཞལམ་སྒང་གི་ཚབ་ལུ་ གསར་སྤང་རྫོང་ཁག་དེ་ ལྟ་བཤལ་གོང་འཕེལ་གཏང་ནི་གི་ གཙོ་རིམ་རྫོང་ཁག་༤ གི་ གྲངས་སུ་བཙུགས་མི་དེ་ སྤྱི་ཚོགས་ཀྱིས་ ཆ་འཇོག་གྲུབ་མི་ རྩིས་ལོ་༢༠༡༩-༢༠ གི་ འཆར་དངུལ་དཔྱ་བགོའི་དཔྱད་ཡིག་དང་ རྩིས་ལོ་༢༠༡༩-༢༠ གི་ རྒྱལ་ཡོངས་འཆར་དངུལ་དང་འཁྲིལ་ཏེ་ མིན་འདུག་ཟེར་ ཚོགས་སྡེ་གིས་ ཡི་གུའི་ནང་བཀོད་ནུག།
གཞུང་གིས་ ཐག་བཅད་མི་དེ་ལུ་ རྒྱལ་ཡོངས་ཚོགས་སྡེའི་ཧོངས་ལས་ ཚ་གྱང་ཡོད་ལུགས་ བཀོད་མི་དང་འཁྲིལཝ་ད་ རྒྱལ་ཡོངས་ཚོགས་འདུ་དང་ བསྐྱར་ཞིབ་ཚོགས་ཁང་གིས་ སྤྱི་ཟླ་༦ པའི་ཚེས་༡༤ ལུ་ རྩིས་ལོ་༢༠༡༩-༢༠ གི་ འཆར་དངུལ་དཔྱ་བགོའི་དཔྱད་ཡིག་ནང་ དངུལ་ཀྲམ་ས་ཡ་༦༤,༨༦༢.༧༥ ཆ་འཇོག་འབད་ཡི་ཟེར་ཨིན་པས།
བློན་ཆེན་ཡིག་ཚང་གི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ རྒྱལ་ཡོངས་ཚོགས་སྡེ་ལས་ལྷོད་མི་ ཡི་གུ་དེ་ ད་ལྟོ་ བསྐྱར་ཞིབ་འབད་བའི་བསྒང་ཡོད་ཟེར་ཨིན་པས།
ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་གྱིས་ མཚན་རྟགས་བཀོད་ཐོག་ལས་ དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ལུ་བཏང་མི་ ཡི་གུ་དེ་ནང་ གཙོ་རིམ་ཅན་གྱི་ རྫོང་ཁག་གདམ་འཐུ་འབད་ནི་ཡང་ ལུང་ཕྱོགས་ནང་ འདྲ་མཉམ་སྦེ་ བགོ་བཀྲམ་འབད་ཐབས་ལུ་ཨིནམ་སྦེ་ བཀོད་ཡོདཔ་ད་ ཡི་གུ་དེ་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་གི་ བཀའ་རྒྱ་དང་འཁྲིལ་ཏེ་ བཏང་ཡོད་རུང་ གནད་དོན་དེ་གི་སྐོར་ལས་ ལྷན་རྒྱས་གཞུང་ཚོགས་ནང་ གྲོས་བསྟུན་འབད་དེ་ གྲོས་ཐག་བཅད་ཡོད་མེད་སྐོར་ ཁ་གསལ་འཁོད་དེ་མེདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་འཚོགས་མི་ བརྡ་བརྒྱུད་ཞལ་འཛོམས་ཅིག་ནང་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ བཤད་མིའི་ནང་ རྒྱལ་ཡོངས་ཚོགས་འདུའི་བཅའ་ཁྲིམས་དང་ རྩ་ཁྲིམས་ཆེན་མོ་ དེ་ལས་ དམངས་རྩིས་བཅའ་ཁྲིམས་ཚུ་དང་འཁྲིལཝ་ད་ རྒྱལ་ཁབ་ཀྱི་ འཆར་གཞི་དང་ ལས་རིམ་ཚུ་ ཐག་བཅད་ནི་དེ་ གཞུང་སྐྱོང་ལུ་ དབང་ཆ་གནང་སྟེ་ཡོད་ཟེར་ཨིན་པས།
ཕྱི་འབྲེལ་བློན་པོ་གིས་འབད་བ་ཅིན་ རྒྱལ་ཡོངས་ཚོགས་འདུ་གིས་ གཙོ་རིམ་ཅན་གྱི་ ལས་རིམ་ཚུ་ ཆ་འཇོག་གྲུབ་མི་དེ་ སྲིད་བྱུས་ཀྱི་ གྲོས་ཐག་ཨིནམ་ལས་ བསྒྱུར་བཅོས་འབད་ནིའི་ དབང་ཚད་ཧྲིལ་བུ་ གཞུང་སྐྱོང་ལུ་ཡོད་ཟེར་ཨིན་པས།
ཨིན་རུང་ གཞུང་གིས་ ཐུགས་ཐག་བཅད་མི་ལུ་ རྒྱབ་སྐྱོར་མེད་མི་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ འཆར་དངུལ་དཔྱ་བགོའི་བཅའ་ཁྲིམས་དེ་ ཁྲིམས་ལུ་བསྒྱུར་ཡོད་པའི་ཁར་ སྤྱི་ཚོགས་ཀྱིས་ ཆ་འཇོག་འབད་མི་དེ་ ངོས་ལེན་འབད་དགོ་ཟེར་ སླབ་དོ་ཡོདཔ་ཨིན་པས།
རྩ་ཁྲིམས་ཆེན་མོའི་རྩ་ཚན་༡༤ པའི་དོན་ཚན་༡༠ པ་དང་འཁྲིལཝ་ད་ འཆར་དངུལ་ནང་མ་ཚུད་པ་ ཡང་ན་ འཆར་དངུལ་དཔྱ་བགོ་ལས་ལྷག་པའི་ ཟད་འགྲོ་གང་རུང་ཅིག་དང་ འཆར་དངུལ་གྱི་ ཆ་ཤས་གཅིག་ལས་གཞན་ལུ་ མ་དངུལ་སྤོ་སོར་འབད་ནི་དེ་ཡང་ ཁྲིམས་དང་འཁྲིལ་དགོཔ་ཨིན་པས།
དམངས་རྩིས་བཅའ་ཁྲིམས་ཀྱི་ དོན་ཚན་༡༠ པ་དང་འཁྲིལ་བ་ཅིན་ རྒྱལ་ཁམས་ཀྱི་ དགོས་མཁོའི་དོན་ལུ་ དངུལ་གྱི་དཔྱ་བགོ་ སྤྲོད་བཞག་དེ་ སྤྱི་ཚོགས་ཀྱིས་ མཛད་དགོ་ཟེར་ཨིན་པས།
བཅའ་ཁྲིམས་དེ་གི་ དོན་ཚན་༥༦ པའི་ནང་ དངུལ་རྩིས་བློན་པོ་གིས་ དཔྱ་བགོ་དང་ ཐོན་ཁུངས་ཚོད་རྩིས་ཚུ་གི་ འགྱུར་བ་ཚུ་ གསལ་བཀོད་འབད་དེ་ བསྐྱར་བཟོ་འབད་ཡོད་པའི་ འཆར་དངུལ་དང་ དཔྱ་བགོའི་དཔྱད་ཡིག་ཚུ་ བསྐྱར་བཟོའི་ར་ཁུངས་དང་སྦྲགས་ཏེ་ སྤྱི་ཚོགས་ལུ་ ཕུལ་ཆོག་ཟེར་ འཁོད་ཡོདཔ་ད་ དེ་བཟུམ་མའི་ དཔྱད་ཡིག་དེ་ འདས་པའི་སྤྱི་ཚོགས་ཀྱི་ཤུལ་ལས་ ཞལ་འཛོམས་ཐེངས་ཧ་ཤོས་ནང་ ངོ་སྤྲོད་ཕུལ་དགོ་ཟེར་ཨིན་པས།
དོན་ཚན་༥༧ ནང་འབད་བ་ཅིན་ འཆར་དངུལ་དང་ དཔྱ་བགོ་བསྐྱར་བཟོ་ཚུ་ འོང་འབབ་དང་ ཐོན་ཁུངས་གཞན་གྱི་ ཚད་མར་བབས་འགྱོཝ་ལས་ རྒྱ་ཁྱབ་དངུལ་རྩིས་ཡུན་བརྟན་ལུ་ ཉེན་ཁ་ཡོདཔ་ད་ གནང་བ་གྲུབ་ཡོད་མི་ ལས་རིམ་ཚུ་གི་ གནས་གོང་ལུ་ འགྱུར་བ་གཙོ་ཅན་ཐོནམ་ཨིན་ཟེར་བཀོད་ནུག།
དེ་མ་ཚད་ འཆར་དངུལ་ལས་སྡེ་ཚུ་གི་ གནས་སྟངས་ལུ་ འགྱུར་བ་གཙོ་ཅན་ཡོདཔ་ལས་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ཞལ་མཐུན་ཡོད་ན་མ་གཏོགས་ དེ་མིན་ ལྷན་ཐབས་དཔྱ་བགོའི་ ཞུ་བ་འབད་མི་ཆོག་ནི་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༡༥ ལུ་ རྒྱལ་ཡོངས་ཚོགས་འདུའི་ དཔལ་འབྱོར་དང་ དངུལ་རྩིས་ཚོགས་ཆུང་གིས་ གནད་དོན་དེ་གི་སྐོར་ལས་ ཚོགས་དཔོན་དང་ གྲོས་བསྟུན་ཐོག་ ཐག་བཅད་ཡོདཔ་ད་ ཚོགས་ཆུང་གི་ འཐུས་མི་ཅིག་གིས་ སླབ་མིའི་ནང་ གཞུང་གིས་ དེ་བཟུམ་མའི་ ཐག་བཅད་མི་དེ་ ཁྲིམས་མཐུན་མེན་ཟེར་ཨིན་པས།
འཐུས་མི་༡༣ ཡོད་མི་ ཚོགས་ཆུང་དེ་ནང་ གཞུང་སྐྱོང་ཚོགས་པ་ལས་ འཐུས་མི་༧ དང་ ལྡོག་ཕྱོགས་ལས་༦ ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *