རྒྱལ་ཡོངས་ཚོགས་སྡེ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་སྙན་ཞུ་གུ་ རྒྱབ་སྣོན་གྲོས་འདེབས་༢ ཆ་འཇོག།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་སྙན་ཞུ་༢༠༡༧ ཅན་མ་གུ་ ལྷན་ཐབས་རྒྱབ་སྣོན་༢ ཆ་འཇོག་འབད་ཡི།
དེ་ཡང་ བདུན་ཕྲག་ཧེ་མའི་ རེས་གཟའ་པ་སངས་ལུ་ སྙན་ཞུ་དེ་གུ་ གསུང་གྲོས་རྒྱས་པར་སྦེ་ གནང་པའི་སྐབས་ འཐུས་མི་ཚུ་གིས་ རྒྱབ་སྣོན་ཕུལ་ཡོདཔ་བཞིན་དུ་ ནང་འཁོད་ཞལ་འཛོམས་འཚོགས་ཏེ་ གྲོས་འདེབས་ཕུལ་དགོཔ་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་པས།
དེ་དང་འཁྲིལ་ ནང་འཁོད་ཞལ་འཛོམས་འཚོགས་པའི་ཤུལ་ལས་ ཁ་ཙ་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གི་ཁྲི་འཛིན་ ཁྱད་ལྡན་གྱི་འཐུས་མི་ བཀྲ་ཤིས་དབང་མོ་གིས་ ནང་འཁོད་ཞལ་འཛོམས་ཀྱི་ གྲུབ་འབྲས་སྙན་ཞུ་ཕུལ་ཡི།
ཚོགས་ཆུང་ཁྲི་འཛིན་གྱིས་ ཞུ་མིའི་ནང་ འདས་པའི་བདུན་ཕྲག་ནང་ ནང་འཁོད་ཞལ་འཛོམས་འཚོགས་ཏེ་ གྲོས་བསྟུན་འབད་དགོ་པའི་ ཚོགས་ཁང་ནང་ལས་ གྲོས་ཐག་བཅད་པའི་ཤུལ་ལས་ འདས་པའི་བདུན་ཕྲག་གི་ རེས་གཟའ་པ་སངས་ལུ་ ཚོགས་ཆུང་གི་འཐུས་མི་ཚུ་མ་བརྩིས་བར་ གཞན་འཐུས་མི་༡༢ དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་༣ འཛོམས་ཐོག་ལས་  ཞལ་འཛོམས་རྒྱས་པར་འཚོགས་ཏེ་ རྒྱབ་སྣོན་༢ གུ་ ཐག་བཅད་ཅི་ཟེར་ ཞུ་ཡི།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་སྙན་ཞུ་༢༠༡༧ ཅན་མ་གུ་ རྒྱབ་སྣོན་གྲོས་འཆར་ཚུ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ འཆར་དངུལ་ལངམ་སྦེ་ བགོ་བཀྲམ་གནང་དགོཔ་ད་ ལྷན་ཚོགས་ཀྱི་སྙན་ཞུ་ནང་ སྤྱིར་བཏང་གི་ཉོགས་བཤད་སྦེ་མེན་པར་ ཁ་གསལ་བཀོད་དགོ་སྦེ་ཨིན་པས།
དེ་ལས་ ཚོགས་ཆུང་གི་ཁྲི་འཛིན་གྱིས་ ཚོགས་དམངས་ལུ་ གྲོས་འདེབས་ཕུལ་ཡོདཔ་བཞིན་དུ་ གྲོས་འདེབས་དེ་ལུ་ ཆུ་ཁའི་འཐུས་མི་ སངས་རྒྱས་རྡོ་རྗེ་གིས་ ནང་འཁོད་ཀྱི་ཞལ་འཛོམས་དེ་ བསམ་པ་རྫོགས་ཏོག་ཏོ་བྱུང་ཡི་ཟེར་ཞུ་ཐོག་ལས་ གྲོས་ཐག་བཅད་ནིའི་དོན་ལུ་ རྒྱབ་སྐྱོར་འབད་བའི་ཤུལ་ལས་ ཚོགས་རྒྱན་བཙུགས་པའི་སྐབས་ ཚོགས་ཁང་ནང་ཡོད་མི་ འཐུས་མི་༢༣ ཆ་མཉམ་གྱིས་ ཚོགས་རྒྱན་བཙུགས་ཏེ་ བརྒྱ་ཆ་ལས་བརྒྱ་སྦེ་ རྒྱབ་སྐྱོར་ཐོབ་སྟེ་ གྲོས་ཐག་བཅད་ཡོདཔ་ཨིན་པས།
ད་རིས་ རྒྱལ་ཡོངས་ཚོགས་སྡེ་གིས་  ནང་འཁོད་ལྷན་བཞུགས་ཞལ་འཛོམས་ གནང་ནི་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *