སྤྱི་ཟླ་༦ པའི་ཚེས་༡༨ ལུ་ རྒྱལ་ཡོངས་ཚོགས་སྡེ་གིས་ གཞུང་ལས་མི་སེར་གྱི་ ཞབས་ཏོག་སྐོར་ལས་ གྲོས་བསྡུར་གནང་པའི་བསྒང་།

རྒྱལ་ཡོངས་ཚོགས་སྡེ་གིས་ གཞུང་ལས་མི་སེར་ཞབས་ཏོག་སྡེ་ཚན་དང་ གྲོས་བསྡུར་འབད་ནི།

སྤྱི་ཟླ་༦ པའི་ཚེས་༡༨ ལུ་ རྒྱལ་ཡོངས་ཚོགས་སྡེ་གིས་ གཞུང་ལས་མི་སེར་གྱི་ ཞབས་ཏོག་སྐོར་ལས་ འཐུས་མི་ཚུ་གིས་ གྲོས་བསྡུར་འབད་དེ་ གཞུང་ལུ་ ད་རུང་ གྲོས་འདེབས་ཕུལ་ནི་སྦེ་ གྲོས་ཐག་བཅད་གནང་ཡི།

དེ་ཡང་ འཐུས་མི་ཚུ་གིས་ ཞབས་ཏོག་དེ་གི་སྐོར་ལས་ གནད་དོན་སྣ་ཚོགས་ཀྱི་ཐོག་ལས་ གྲོས་འདེབས་ལེ་ཤ་བཀོད་པའི་ཤུལ་ལས་ ཚོགས་སྡེའི་ཁྲི་འཛིན་ བཀྲིས་་རྡོ་རྗེ་གིས་ བུམ་ཐང་གི་འཐུས་མི་ ཉི་མ་དང་ འཐུས་མི་གཞན་དག་པ་ཅིག་གིས་ ཇི་ཊུ་སི་ཟེར་མི་ གཞུང་ལས་མི་སེར་གྱི་ ཞབས་ཏོག་ཡིག་ཚང་དང་གཅིག་ཁར་ གྲོས་བསྡུར་འབད་དགོ་པའི་ བཀའ་གནང་ཡི།

བརྡ་དོན་ཡོངས་འབྲེལ་ཐོག་ལས་ ཞབས་ཏོག་སྤྱོད་ནིའི་སྐོར་ མི་མང་ལུ་ བརྡ་དོན་ཤེས་ཡོན་སྤྲོད་ནི་དང་ ཞབས་ཏོག་ཚུ་ གང་མགྱོགས་སྦེ་ ཐོབ་སྤྱོད་འབད་ཚུགསཔ་བཟོ་ནི་ དེ་ལས་ མི་སྡེ་ལྟེ་བ་ཡར་དྲག་གཏང་ཐབས་ལུ་ ཚོགས་སྡེ་གིས་ གྲོས་འདེབས་མང་རབས་ཅིག་ བཀོད་ཡོདཔ་ཨིན་པས།

འཐུས་མི་༨ ཀྱིས་ གནད་དོན་དེ་གི་སྐོར་ལས་ གྲོས་འཆར་ཞུ་མིའི་གྲས་ལས་ མང་ཤོས་ར་ ཐིམ་ཕུག་གི་འཐུས་མི་ ཚེ་དབང་རིག་འཛིན་གྱིས་ མི་སྡེ་ལྟེ་བ་གཞི་བཙུགས་འབད་སའི་ སྒྲིང་ཁྱིམ་དེ་ རྒེད་འོག་ལྟེ་བ་ཨིན་རུང་ ཡོངས་འབྲེལ་ཨིན་ཊར་ནེཊ་དེ་ འབྲུག་བརྒྱུད་འཕྲིན་དང་ འབྲུག་གོང་འཕེལ་དངུལ་ཁང་གིས་ རྒྱུན་སྐྱོང་འཐབ་མི་ལུ་བརྟེན་ འབྲེལ་ཡོད་དབང་འཛིན་ཚུ་གི་བར་ན་ མཉམ་འབྲེལ་ལེགས་ཤོམ་དགོཔ་འདུག་ཟེར་ཞུ་ཡི།

ཁོ་གིས་ ཞུ་མིའི་ནང་ ཞབས་ཏོག་དེ་ ཚུལ་མཐུན་སྦེ་ སྤྱོད་ཐབས་ལུ་ གཞུང་གིས་ འབྲུག་གོང་འཕེལ་དངུལ་ཁང་ལུ་ ག་དེ་མགྱོགས་མགྱོགས་ ཕབ་ཆག་གནང་དགོཔ་འདུག་ཟེར་ཨིནམ་ད་ མགར་ས་དང་ ཆུ་ཁའི་འཐུས་མི་༢ ཀྱིས་ ཞབས་ཏོག་ལྟེ་བ་ནང་ལས་ཐོབ་མི་ འབྲི་ཤོག་ཚུ་ རིན་མེད་སྟོང་པར་ བྱིན་དགོཔ་འདུག་ཟེར་ཞུ་ཡི།

ཧཱ་གི་འཐུས་མི་ ཨོ་རྒྱན་རྣམ་རྒྱལ་གྱིས་འབད་བ་ཅིན་ ཞབས་ཏོག་ཡར་དྲག་གི་དོན་ལུ་ ཨིན་ཊར་ནེཊ་དང་ གློག་མེའི་མཐུད་སྦྲེལ་གྱི་ཐད་ཁར་ ཚ་གྱངས་ཐེབས་འབག་དགོཔ་འདུག་ཟེར་ཨིནམ་ད་ འཐུས་མི་ལ་ལོ་གིས་འབད་བ་ཅིན་ ལྟེ་བ་ཚུ་ནང་ ལས་བྱེདཔ་ཐེབས་དགོཔ་ཡོད་མི་དེ་ཡང་ ལས་བྱེདཔ་དེ་ ངལ་གསོ་ནང་ སྡོད་པའི་སྐབས་ མི་ཚུ་གིས་ ཞབས་ཏོག་དེ་ ལག་ལེན་འཐབ་མི་ཚུགས་པས་ཟེར་ཨིན་པས།

བསམ་རྩེའི་འཐུས་མི་ ཏིར་ཐ་མཱན་རའི་གིས་ རྒེད་འོག་སྦོམ་ཚུ་ནང་ དེ་བཟུམ་མའི་ ལྟེ་བ་༢ རེ་ གཞི་བཙུགས་འབད་དགོཔ་འདུག་ཟེར་ཞུ་ཡི།

ཚོགས་སྡེའི་ཁྲི་འཛིན་འོགམ་ འཇིགས་མེད་དབང་ཕྱུག་གིས་ ཞབས་ཏོག་དེ་གི་སྐོར་ལས་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་ཡིག་ཚང་ལས་ རྒྱལ་ཡོངས་ཚོགས་སྡེའི་ གྲོས་འདེབས་ཚུ་ལུ་ ངོས་ལེན་ཕུལ་མི་དེ་ ཚོགས་དམངས་ལུ་ སྙན་ཞུ་ཕུལ་ཡོདཔ་ད་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་ཡིག་ཚང་གིས་ གོ་བ་བརྡ་སྤེལ་ལས་རིམ་དེ་ རྫོང་ཁག་༡༤ དང་ ལྟེ་བ་༢༥ ནང་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *