རྒྱལ་ཡོངས་ཚོགས་སྡེ་གིས་ རྫོང་ཁག་གོང་འཕེལ་གནང་བྱིན་མ་དངུལ་སྐོར་ གནས་སྡུད་ག་དེ་སྦེ་ ཐོབ་ཐོབ་ཨིན་ན?

༉ ཀུན་གསལ་ལས་འཛིན་གྱིས་ སྤྱི་ཚེས་༢༡/༨/༡༧ གྱི་ གནས་ཚུལ་གསར་ཤོག་ནང་ རྫོང་ཁག་གོང་འཕེལ་གནང་བྱིན་མ་དངུལ་སྐོར་ རྒྱལ་ཡོངས་ཚོགས་སྡེ་ལས་ གནས་ཚུལ་ཚུ་ལེན་ཐོག་ མི་མང་ལུ་ ཁྱབ་སྤེལ་གནང་མི་འདི་ལུ་ བཀའ་དྲིན་ཆེ་ཟེར་ཞུ་ནི།
ཨིན་རུང་ གནས་ཚུལ་དེ་ནང་ གནང་བྱིན་མ་དངུལ་སྐོར་ ས་གནས་གཞུང་ རྫོང་ཁག་ཚོགས་འདུ་ལས་ གནང་བ་མ་གྲོལ་བའི་ཁར་ འཆར་དངུལ་དེ་ མི་སེར་ལུ་ཕན་པའི་ དཔལ་འབྱོར་གྱི་ ལས་སྣ་ཚུ་ནང་ མ་བཏང་པས་ཟེར་ གསལ་བཀོད་འབད་ཡོད་མི་ལུ་ སེམས་ཕམ་བྱུང་ཡི་ཟེར་ཞུ་ནི།
གནད་དོན་དེ་གི་སྐོར་ལས་ དོགས་སེལ་དུམ་གྲ་ཅིག་ ཞུ་བ་ཅིན་ དང་པ་ འཆར་ལོ་༢༠༡༦-༡༨ ཀྱི་ རྫོང་ཁག་གོང་འཕེལ་གནང་བྱིན་མ་དངུལ་འབུམ་༧༠ དེ་ཡང་ རྫོང་ཁག་མངའ་འོག་གི་ འཆར་ལོ་༢༠༡༦-༡༧ གྱི་ ལོ་བསྟར་འཆར་གཞི་དང་ འཆར་དངུལ་ཚུ་ བརྩམས་ཚར་བའི་ཤུལ་ལུ་ གཞུང་ལས་ གནང་བ་གྲོལ་ཡོདཔ་མ་ཚད་ སྤྱི་ཚེས་༢༦/༡༠/༢༠༡༦ ལུ་ རྫོང་ཁག་ཚོགས་འདུའི་ ཚོགས་རིམ་ཐེངས་དང་པའི་སྐབས་ རྫོང་ཁག་བདག་སྐྱོང་ལས་ གནང་བྱིན་མ་དངུལ་སྤྱོད་ཐངས་ཀྱི་ ལམ་སྟོན་ལྟར་ གྲོས་གཞི་བཙུགས་ཐོག་ གསུང་གྲོས་ཞིབ་པར་ གནང་ཐོག་ལས་ གནང་བ་གྲོལ་ཡོད་ཟེར་ཞུ་ནི།
དེ་གི་ཤུལ་ལུ་ སྤྱི་ཚེས་༡༧/༧/༡༧ ལུ་ རྫོང་ཁག་ཚོགས་འདུའི་ ཚོགས་རིམ་གཉིས་པའི་ནང་ གནད་དོན་འདི་གི་ཐད་ལུ་ བསྐྱར་ཞིབ་སྐབས་ གནང་བྱིན་མ་དངུལ་ཚུ་ ག་དེ་སྦེ་ སྤྱོད་ཡོད་ག་ སྤྱན་འབུལ་ཞུ་ཡོདཔ་མ་ཚད་ འཆར་ལོ་༢༠༡༧-༡༨ ཀྱི་ རྫོང་ཁག་གོང་འཕེལ་མ་དངུལ་དང་ ལས་སྣ་ཚུ་ཡང་ གསུང་གྲོས་ཞིབ་པར་ གནང་ཐོག་ལས་ གནང་བ་གྲོལ་ཡོད་ཟེར་ཞུ་ནི།
ས་གནས་གཞུང་གི་གཙུག་སྡེ་ རྫོང་ཁག་ཚོགས་འདུ་གིས་ ད་ཚུན་ གྲོས་གཞི་ག་ཅི་ར་ གསུང་གྲོས་གནང་སྟེ་འབད་རུང་ གཞུང་དང་མི་སེར་ལུ་ཕན་པའི་ གསུང་གྲོས་ཚུ་ གནང་དོ་ཡོདཔ་མ་ཚད་ འབྲེལ་ཡོད་བཅའ་ཁྲིམས་དང་སྒྲིག་གཞི་ ལས་སྟོན་ཚུ་གི་ དགོངས་དོན་ལྟར་ ཚོགས་ཁང་འདི་ནང་ གནང་བ་གྲོལ་དགོ་པའི་ གནད་དོན་རེ་འབྱུང་ཚེ་ དེ་ཚུ་ འཛགས་ལུས་མེད་པར་ ལམ་ལུགས་ཀྱི་ཐོག་ལས་ར་ གསུང་གྲོས་གནང་སྟེ་ གྲོས་ཆོད་གནང་དོ་ཡོདཔ་ཨིན་ཟེར་ཞུ་ནི།
གལ་སྲིད་ འབྲེལ་ཡོད་བཅའ་ཁྲིམས་ སྒྲིག་གཞི་དང་ ལམ་སྟོན་ཚུ་གི་ དགོངས་དོན་ཚུ་ལུ་ མ་གནས་པར་ གསུང་གྲོས་ཡང་མ་གནང་པའི་ཁར་ ཐག་རང་བཅད་ཐོག་ གྲོས་ཐག་ཆོད་ཡོད་ན་ རྩ་ཁྲིམས་ཆེན་མོ་དང་ དམངས་གཙོའི་ལམ་ལུགས་ལས་ འགལ་བ་ཨིནམ་ ང་བཅས་བཙག་འཐུ་གྲུབ་མི་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ ལེགས་ཤོམ་སྦེ་ར་ཤེས་ཟེར་ ཞུ་ནི།
འདི་འབདཝ་ད་ ད་རེས་ཀྱི་ རྫོང་ཁག་གོང་འཕེལ་གནང་བྱིན་མ་དངུལ་སྐོར་ བསམ་ཞིབ་བསྡུ་ལེན་འབད་བའི་སྐབས་ ག་དེ་སྦེ་ བསྡུ་སྒྲིག་འབད་ཡོད་ག་ ཡང་ཅིན་ བསྡུ་སྒྲིག་སྐབས་ ག་དང་མཉམ་ གྲོས་བསྟུན་བྱུང་ཡོད་ག་ ཁ་གསལ་བཀོད་དགོཔ་འདི་ གལ་ཆེ་བས། རྫོང་ཁག་ཚོགས་འདུའི་ འཐུས་མི་ཚུ་གིས་ གནད་དོན་དེ་གི་སྐོར་ལས་ ལེགས་ཤོམ་ཤེས་པའི་ཁར་ རྫོང་ཁག་ཚོགས་འདུ་ལས་ གྲོས་གཞི་དང་ གྲོས་ཆོད་ཟིན་བྲིས་ཚུ་ སྔ་གོང་ལས་བཀྲམ་ཐོག་ ལེགས་བཅོས་ཀྱི་ བསམ་འཆར་ཡང་ བསྡུ་ལེན་འབད་དོ་ཟེར་ཞུ་ནི།
རྫོང་ཁག་གོང་འཕེལ་གནང་བྱིན་མ་དངུལ་འདི་ རྫོང་ཁག་ཚོགས་འདུ་ལས་ གནང་བ་མ་གྲོལ་བར་ མི་མང་ལུ་ ཕན་ཐོགས་མ་བྱུང་ཟེར་བའི་ གནས་ཚུལ་དང་ བསམ་འཆར་འདི་ གསར་ཤོག་ལས་འཛིན་དང་ ཞིབ་འཚོལ་གནང་མི་ རྒྱལ་ཡོངས་ཚོགས་སྡེའི་ ཁ་ཐུག་ལས་ ཚུལ་འཛིན་ནོར་འཁྲུལ་ཐོག་ བསམ་འཆར་བཀོད་ཡོད་ན་ ང་བཅས་རྫོང་ཁག་ཚོགས་འདུ་ལས་ ཞུ་དགོཔ་ག་ནི་ཡང་མེདཔ་ད་ གལ་སྲིད་ ཞིབ་འཚོལ་སྐབས་ རྫོང་ཁག་ཚོགས་འདུའི་འཐུས་མི་ ཡང་ན་ འབྲེལ་ཡོད་ཞི་གཡོགཔ་གང་རུང་ལས་ མ་བདེན་པའི་ བསམ་འཆར་རེ་ བཀོད་ཡོད་ན་ འདི་ཚུ་ག་ཨིན་ན་ མི་ངོམ་ཁ་གསལ་བཀོད་དེ་ ང་བཅས་ལུ་ གསུང་གནང་དགོཔ་ལས་ དེ་བསྟུན་གྱི་ དང་ལེན་ཡང་ འབྲེལ་ཡོད་ས་གནས་གཞུང་གི་ བཅའ་ཁྲིམས་ལྟར་ འབད་ནི་ཟེར་ ཞུ་ཞི་ཨིན།
སི་བྷ་ལ་ཡ་ ཀ་ར་རི་ཡ།
ཁྲི་འཛིན། རྩི་རང་རྫོང་ཁག་ཚོགས་འདུའི་ཡིག་ཚང་།

About admin

Check Also

མདའ་རྩེད་དེ་ སྲོས་ཀྱི་མི་སེར་ཚུ་གི་དོན་ལུ་ སྤྲོ་སྟོན་འབད་ནིའི་ དུས་ཚོད་ཅིག་ཨིནམ།

༉ ལ་གོང་གསུམ་གྱི་ མི་སེར་ཚུ་གི་དོན་ལུ་ ཕམ་སྤུན་ཆ་འཛོམས་ཏེ་ སྤྲོ་བ་སྟོན་ནིའི་ དུས་ཚོད་བཟང་པོ་ཅིག་ མདའ་རྩེད་འགྲན་བསྡུར་འབད་ནི་དེ་ཨིན་པས། དེ་འབདཝ་ལས་ ཁ་ཙ་ ཐིམ་ཕུག་སྲོས་རྒེད་འོག་ནང་ ཁཝ་འགོ་དང་པ་རྐྱབ་ཡོདཔ་ལས་ གྱང་ཤུགས་ཆེ་བའི་ཁར་ ཆརཔ་གིས་སྦང་རུང་ མདའ་རྩེདཔ་ཚུ་ལུ་ ཧེང་སྐལ་ར་ …

Leave a Reply

Your email address will not be published. Required fields are marked *