རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཚུ་གིས་ ལྟ་སྐོར་དང་འབྲེལ་བའི་ གནད་དོན་ལུ་དོགས་སེལ།

༉ རྒྱལ་ཡོངས་ཚོགས་འདུའི་ ཡོངས་ཁྱབ་དྲུང་ཆེན་ སངས་རྒྱས་གྲུ་བ་གིས་ སྤྱི་ལོ་༢༠༡༥ དང་༢༠༡༦ ལོའི་ རྒྱལ་ཡོངས་ཚོགས་འདུའི་ ལོ་བསྟར་སྙན་ཞུ་ནང་ ཚོགས་འདུའི་འཐུས་མི་ཚུ་གིས་ རང་སོའི་འདེམས་ཁོངས་ནང་ ལྟ་སྐོར་ལུ་ སོང་མི་དེ་ བརྡ་བརྒྱུད་ནང་ གསལ་བཀོད་འབད་མི་དང་ འབྲེལ་བ་ག་ནི་ཡང་མེད་ཟེར་ དོགས་སེལ་འབདཝ་ཨིན་པས།
ཨིན་རུང་ འཐུས་མི་ཚུ་གིས་ རང་སོའི་འདེམས་ཁོངས་ནང་ ལྟ་སྐོར་ལུ་ སོང་ཡོད་པའི་ ཉིན་གྲངས་ཚུ་ རྩིས་རྐྱབ་པའི་སྐབས་ འཛོལ་བ་བྱུང་མི་ལུ་ ཚོགས་འདུའི་ཡིག་ཚང་གིས་ ངོས་ལེན་འབདཝ་ཨིན་པས།
ཡོངས་ཁྱབ་དྲུང་ཆེན་གྱིས་ བཤད་མིའི་ནང་ སྙན་ཞུ་ནང་བཀོད་མི་ གནས་སྡུད་ཚུ་ག་ར་ ཚོགས་དཔོན་གྱིས་ འཐུས་མི་ཚུ་ འགྲོ་འགྲུལ་མ་འབད་བའི་ཧེ་མ་ གནང་བ་གྲུབ་མི་ འགྲོ་འགྲུལ་གྱི་ འབྲི་ཤོག་དང་འཁྲིལ་ཨིན་རུང་ འགྲོ་འགྲུལ་གྱི་ ལས་འཆར་ཚུ་ ཏན་ཏན་མེདཔ་ལས་ དགོས་མཐོ་དང་འཁྲིལ་ བསྒྱུར་བཅོས་འགྱོ་སྲིད་ཟེར་ཨིན་པས།
ཡོངས་ཁྱབ་དྲུང་ཆེན་གྱིས་འབད་བ་ཅིན་ ལོ་བསྟར་སྙན་ཞུ་ནང་ འཐུས་མི་ཚུ་ རང་སོའི་འདེམས་ཁོངས་ཚུ་ནང་ ལྟ་སྐོར་ལན་ཐེངས་ག་དེམ་ཅིག་ སོང་ཡོདཔ་ཨིན་ན་དང་ ཉིན་གྲངས་ག་དེམ་ཅིག་ འགོར་ཡོདཔ་ཨིན་ནའི་ གནས་སྡུད་གསལ་བཀོད་འབད་མི་དེ་ འཐུས་མི་ཚུ་གིས་ ཚོགས་དཔོན་ལུ་ཕུལ་མི་ རགས་འཆར་ལུ་ གཞི་བཞག་སྟེ་ཨིནམ་ལས་ འགྲོ་འགྲུལ་ངོ་མ་འབད་བའི་ཐོ་ནང་ ཉིན་གྲངས་ཡར་མར་གྱི་ ཁྱད་པར་འཐོན་འོང་ཟེར་ཨིན་པས།
དྲུང་ཆེན་ཡིག་ཚང་གིས་ འགྲོ་འགྲུལ་གྱི་ གནང་བ་ཡོད་པའི་ཐོ་དང་ འགྲོ་འགྲུལ་ངོ་མ་འབད་མི་གཉིས་ཀྱི་བར་ན་ བསྐྱར་ཞིབ་འབདཝ་ད་ འཐུས་མི་༡༨ ཀྱིས་ འགྲོ་འགྲུལ་གྱི་ ཉིན་གྲངས་ཚུ་ རགས་འཆར་ནང་ བཀོད་མི་ལས་ མར་ཕབ་འབད་ཡོདཔ་མ་ཚད་ འཐུས་མི་གཞན་༡༥ གིས་ ཚོགས་དཔོན་གྱི་ གནང་བ་དང་འཁྲིལ་ འགྲོ་འགྲུལ་གྱི་ ཉིན་གྲངས་ཡར་སེང་འབད་ཡོད་པའི་ མངོན་གསལ་བྱུང་ནུག།
དེ་འབདཝ་ད་ དེ་བཟུམ་མའི་ འགྲོ་འགྲུལ་གྱི་ ལས་འཆར་བསྒྱུར་བཅོས་སོང་མི་ཚུ་ ལོ་བསྟར་སྙན་ཞུ་ནང་ དུས་མཐུན་མ་བཟོ་བར་ གསལ་བཀོད་འབད་ཡོདཔ་ལས་ འགྲོ་འགྲུལ་འབད་མིའི་ ཉིན་གྲངས་ཚུ་དང་ སྙན་ཞུ་ནང་བཀོད་མི་ ཉིན་གྲངས་ཚུ་གི་བར་ན་ ཁྱད་པར་ཞུགས་ཡོདཔ་ཨིན་པས།
དཔེར་ན་ ཇོ་མོ་གཙང་ཁའི་འཐུས་མི་ དཔལ་བཟང་དབང་ཕྱུག་དེ་ རྩིས་ཞིབ་འབད་བའི་ རྩིས་ཁྲ་དང་འཁྲིལཝ་ད་ ཁོ་རའི་འདེམས་ཁོངས་ནང་ ཉིན་གྲངས་༡༤༢ ལས་བརྒལ་ ལྟ་སྐོར་མ་འབད་རུང་ ལོ་བསྟར་སྙན་ཞུ་ནང་ ཉིན་གྲངས་༢༧༣ སྦེ་ གསལ་བཀོད་འབད་དེ་ཡོདཔ་ད་ པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ཡང་ ཉིན་གྲངས་༩༥ ལས་བརྒལ་ ལྟ་སྐོར་ནང་ མ་འགྱོ་རུང་ སྙན་ཞུ་ནང་ ཉིནམ་༢༠༢ སྦེ་ ཚུད་སོ་ནུག།
དེ་བཟུམ་སྦེ་ ཚོགས་དཔོན་འོག་མ་ འཆི་མེད་རྡོ་རྗེ་གིས་ ཁོ་རའི་འདེམས་ཁོངས་ནང་ ཉིན་གྲངས་༦༦ མ་གཏོགས་ ལྟ་སྐོར་མ་འབད་རུང་ ལོ་བསྟར་སྙན་ཞུ་ནང་ ཉིན་གྲངས་༢༠༢ གསལ་བཀོད་འབད་ནུག།
ཡོངས་ཁྱབ་དྲུང་ཆེན་གྱིས་ སླབ་མིའི་ནང་ སྙན་ཞུ་ནང་ འཐུས་མི་ཚུ་གིས་ རང་སོའི་འགན་ཁུར་ཚུ་ ག་དེ་སྦེ་འཐུས་མ་ཤོར་བར་ འབད་དོ་ཡོདཔ་ཨིན་ན་ཚུ་ གསལ་སྟོན་འབད་ནིའི་དོན་ལུ་ བཀོདཔ་མ་གཏོགས་ གནད་དོན་གཞན་ ག་ནི་ཡང་མེདཔ་ ཤེས་དགོ་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ ཁྱད་པར་ཐོན་མི་དེ་ཡང་ འཐུས་མི་ཚུ་ལུ་ ཟླ་ངོ་༢ ལས་ལྷགཔ་སྦེ་ འདེམས་ཁོངས་ལྟ་སྐོར་ནང་ འགྱོ་ཆོགཔ་སྦེ་ཡོད་རུང་ ཁོང་གིས་ བར་ན་ལས་ ཞལ་འཛོམས་ཚུ་ནང་ ལོག་འོང་དགོ་ནི་དེ་གིས་ཡང་ ཁྱད་པར་ཐོན་ནུག་ཟེར་ཨིན་པས།
སྤྱི་ཚོགས་ཀྱི་ བྱ་བའི་གནད་སྤྱོད་༢༠༡༤ ཅན་མའི་ དོན་ཚན་༥༠ དང་འཁྲིལཝ་ད་ འཐུས་མི་ཚུ་གིས་ རང་སོའི་འདེམས་ཁོངས་ནང་ སྐུ་མགྲོན་གཙོ་ཅན་ཚུ་ བྱོན་པའི་སྐབས་དང་ རྒྱལ་ཡོངས་ཀྱི་དུས་སྟོན་ དེ་ལས་ རྫོང་ཁག་ཚོགས་འདུ་དང་ རྒེད་འོག་ཚོགས་སྡེའི་སྐབས་ལུ་ འགྱོ་ཆོགཔ་སྦེ་ཡོདཔ་ཨིན་པས།
དེ་མ་ཚད་ བྱ་བའི་གནད་སྤྱོད་ཀྱི་ དོན་ཚན་༥༢ ནང་ དོན་ཚན་༥༠ པ་དང་མ་འཁྲིལ་བར་ ཚོགས་དཔོན་གྱིས་ འཐུས་མིའི་ཞུ་བ་དང་འཁྲིལ་ ཉིན་གྲངས་ཡར་སེང་གནང་ནིའི་ དབང་ཆ་ཡོད་མི་ལུ་བརྟེན་ འདེམས་ཁོངས་ནང་ ལྟ་སྐོར་འབད་བའི་སྐབས་ལུ་ ཚད་གཞི་གཏན་འཁེལ་མིན་འདུག་ཟེར་ཨིན་པས།
དྲུང་ཆེན་ཡིག་ཚང་གིས་ དོགས་སེལ་འབད་མི་ ཡི་གུའི་ནང་ བཀོད་དོ་བཟུམ་འབད་བ་ཅིན་ སྙན་ཞུ་ནང་ བཀོད་མི་ཚུ་ག་ར་ འཐུས་མི་ཚུ་གིས་ རང་སོའི་འགན་ཁུར་ཚུ་འབག་པའི་ རྟགས་མཚན་སྟོན་ཐབས་ལུ་ཨིན་རུང་ ཀུན་གསལ་གྱི་ གནས་ཚུལ་བསྡུ་བཀོདཔ་ བཀྲིས་སྒྲོལ་མ་གིས་ མོ་རའི་གནས་ཚུལ་ནང་ འཐུས་མི་ཚུ་གིས་ འགྲོ་འགྲུལ་མ་འབད་རུང་ འགྲོ་འགྲུལ་འབད་ཡོད་པའི་ཉིན་འཐུས་ ཐོབ་བརྗོད་བཀོད་ཡོདཔ་སྦེ་ བཀོད་ནུག་ཟེར་ཨིན་པས།
སྙན་ཞུ་དེ་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ རྩིས་ཞིབ་འབད་ཚར་བའི་ སྙན་ཞུ་ཨིན་པའི་ཁར་ དྲུང་ཆེན་ཡིག་ཚང་གིས་ ཚུལ་མིན་འཐབ་ཡོད་པའི་སྐོར་ལས་ ག་ནི་ཡང་ བཀོད་དེ་མེདཔ་ལས་ སྙན་ཞུའི་ནང་ དོན་མེད་ཀྱི་ ཐོབ་བརྗོད་བཀོད་ནུག་ཟེར་ བཙུགས་ནིའི་ མནོ་བསམ་མེད་ཟེར་ ཡི་གུའི་ནང་ བཀོད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

མདའ་རྩེད་དེ་ སྲོས་ཀྱི་མི་སེར་ཚུ་གི་དོན་ལུ་ སྤྲོ་སྟོན་འབད་ནིའི་ དུས་ཚོད་ཅིག་ཨིནམ།

༉ ལ་གོང་གསུམ་གྱི་ མི་སེར་ཚུ་གི་དོན་ལུ་ ཕམ་སྤུན་ཆ་འཛོམས་ཏེ་ སྤྲོ་བ་སྟོན་ནིའི་ དུས་ཚོད་བཟང་པོ་ཅིག་ མདའ་རྩེད་འགྲན་བསྡུར་འབད་ནི་དེ་ཨིན་པས། དེ་འབདཝ་ལས་ ཁ་ཙ་ ཐིམ་ཕུག་སྲོས་རྒེད་འོག་ནང་ ཁཝ་འགོ་དང་པ་རྐྱབ་ཡོདཔ་ལས་ གྱང་ཤུགས་ཆེ་བའི་ཁར་ ཆརཔ་གིས་སྦང་རུང་ མདའ་རྩེདཔ་ཚུ་ལུ་ ཧེང་སྐལ་ར་ …

Leave a Reply

Your email address will not be published. Required fields are marked *