རྒྱལ་ཡོངས་ཚོགས་འདུ་གིས་ ཅ་ཆས་དང་ཞབས་ཏོག་ཁྲལ་གྱི་དཔྱད་ཡིག་ཆ་འཇོག།

༉ འབྲུག་གི་ཅ་ཆས་དང་ཞབས་ཏོག་ཁྲལ་གྱི་འཕྲི་སྣོན་དཔྱད་ཡིག་༢༠༢༢ ཅན་མའི་གུ་ བསྐྱར་གྲོས་གནངམ་དང་འབྲེལ་ རྒྱལ་ཡོངས་ཚོགས་སྡེ་གིས་ དཔྱད་ཡིག་ཆ་འཇོག་འགྲུབ་ནི་ལས་ ཕྱིར་བཏོན་འབད་དགོ་པའི་ གྲོས་འདེབས་ཕུལ་མི་དེ་ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་གིས་ ཆ་མེད་བཏང་ཡི།

རྒྱལ་ཡོངས་ཚོགས་སྡེ་གིས་ དཔྱད་ཡིག་ཕྱིར་བཏོན་འབད་དགོཔ་སྦེ་ གྲོས་འདེབས་ཕུལ་མི་དེ་ཡང་ འབྲུག་གི་མི་དམངས་དངུལ་རྩིས་འཕྲི་སྣོན་བཅན་ཁྲིམས་༢༠༡༢ པའི་དོན་ཚན་༤༦(ཁ་) པ་དང་ ཁྲིམས་འགལ་མི་འགྱོ་ནིའི་དོན་ལུ་ཨིནམ་ད་ བཅའ་ཁྲིམས་འཕྲི་སྣོན་འབད་དགོ་པའི་ གྲོས་འདེབས་ཡང་ ཕུལ་ཡོདཔ་ཨིན་པས།

ཚོགས་སྡེ་གིས་ བཅའ་ཁྲིམས་འགོ་བཙུགས་ཟླ་ཚེས་དང་ གཞུང་གིས་ འཕྲལ་མགྱོགས་ར་ བསྟར་སྤྱོད་འབད་ནིའི་ གྲ་སྒྲིག་ཡོད་ལུགས་ དེ་ལས་ ཏི་རུའི་དཔྱད་ཡིག་དང་ དངུལ་འབྲེལ་དཔྱད་ཡིག་༢ ཀྱི་བར་ན་ ཁྱད་པར་གསལ་ཏོག་ཏོ་བཟོ་དགོ་པའི་ ཚ་གྱང་ཚུ་ཡང་ བཀོད་དེ་ཡོདཔ་ཨིན་པས།

རྒྱལ་ཡོངས་ཚོགས་འདུ་གིས་ ཅ་ཆས་དང་ཞབས་ཏོག་ཁྲལ་གྱི་རིམ་ལུགས་ གྲ་སྒྲིག་འགྱོཝ་ད་ སྤྱི་ཚོགས་ཀྱིས་ ཆ་འཇོག་གྲུབ་པའི་ ཚེས་གྲངས་ལས་ འགོ་བཟུང་སྟེ་ བསྟར་སྤྱོད་འབད་དགོཔ་སྦེ་ཨིན་རུང་ བསྐྱར་ཞིབ་ཚོགས་ཁང་གིས་ འགོ་བཙུགས་ཟླ་ཚེས་དེ་ ཁྲིམས་མཐུན་དགོཔ་སྦེ་བཀོད་ནུག།

དེ་བཟུམ་སྦེ་ རྒྱལ་ཡོངས་ཚོགས་འདུ་གིས་ སྤྱི་ཚོགས་ཀྱིས་ ཆ་འཇོག་གྲུབ་པའི་ ཁྲིམས་ལས་འགལ་བ་ཡོད་པའི་ དཔྱད་ཡིག་གང་རུང་ ངོས་ལེན་ཐོག་ ཆ་འཇོག་འགྲུབ་ནི་དེ་ ཁྲིམས་ཀྱི་རིང་ལུགས་དང་ ཁྲིམས་བཟོའི་ལེགས་ལམ་ལུ་ གནོད་ཉེན་ཅན་ཅིག་ཨིནམ་སྦེ་ ཚོགས་སྡེ་གིས་ བཀོད་ཡོད་པའི་ཁར་ ཚོགས་སྡེ་གིས་ གནད་དོན་དེ་ལུ་ གྲོས་འདེབས་ཕུལ་མི་དེ་ བསྒྱུར་བཅོས་མེད་པར་ ཧེ་མ་བཟུམ་སྦེ་ར་ཨིན་པས།

དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ ཏི་རུ་དཔྱད་ག་ར་ ཅོག་མི་འཐད་ཟེར་ ཞུ་མི་དེ་ཡང་ དཔྱད་ཡིག་ལ་ལོ་ཅིག་ ཚོགས་ཁང་ནང་ སྙན་ཞུ་འབད་ཚར་བའི་ཤུལ་ལས་ བསྟར་སྤྱོད་འབད་དགོཔ་སྦེ་ཡོདཔ་ད་ ལ་ལོ་ཅིག་ བསྟར་སྤྱོད་འབད་རུང་ ཤུལ་ལས་ སྟབས་བདེཝ་མ་བདེཝ་ཐོན་མི་ཡང་ ལེ་ཤ་ཡོད་ཟེར་ཞུ་ཡི།

ཁོ་གིས་ མི་དམངས་དངུལ་རྩིས་བཅའ་ཁྲིམས་ཀྱི་ དོན་ཚན་༤༦ པའི་ནང་ ལེགས་ཤོམ་སྦེ་ བལྟ་བ་ཅིན་ ཏི་རུ་དཔྱད་ཡིག་ ཡང་ཅིན་ དངུལ་འབྲེལ་དཔྱད་ཡིག་སྦེ་ ཡོདཔ་བཞིན་དུ་ དེ་ནང་ གཞུང་གི་ཕྱོགས་བསྡུའི་རྩིས་ཁྲ་ནང་ལས་ ཟད་འགྲོ་གཏང་ནི་དང་ བགོ་བཀྲམ་ དེ་ལས་ ཁྲལ་ཡར་སེང་མར་ཕབ་ཀྱི་ ཁྱད་ཆོས་ཚང་པ་ཅིན་ ཏི་རུ་ ཡང་ཅིན་ དངུལ་འབྲེལ་གྱི་དཔྱད་ཡིག་ཅིག་སྦེ་ འགྱོ་འོང་ཟེར་ཞུ་ཡི།

གལ་སྲིད་ ཅ་ཆས་དང་ཞབས་ཏོག་གི་ཁྲལ་ ལག་ལེན་མ་འཐབ་པ་ཅིན་ རྒྱ་གར་དང་ སིངྒ་པུར་ དེ་ལས་ ཐའི་ལེནཌ་རྒྱལ་ཁབ་ཚུ་དང་ ཚོང་འབྲེལ་འཐབ་མ་ཚུགས་པའི་ ཉེན་ཁ་ཡོད་ཟེར་ དངུལ་རྩིས་བློན་པོ་གིས་ ཞུ་བའི་ཁར་ ད་རེས་ རང་བཞིན་ཐོན་སྐྱེད་ཚུ་ རྒྱ་གར་ལུ་ ཅ་ཆས་དང་ཞབས་ཏོག་གི་ཁྲལ་ འགོ་བཙུགས་མི་དང་ འབྲུག་ལུ་ འགོ་བཙུགས་མ་ཚུགས་མི་ལུ་བརྟེན་ ཕྱིར་ཚོང་འཐབ་མ་ཚུགས་པར་ཡོད་ཟེར་ཞུ་ཡི།

ལྡོག་ཕྱོགས་འགོ་ཁྲིདཔ་ རྡོ་རྗེ་དབང་འདུས་ཀྱིས་ རྒྱལ་ཡོངས་ཚོགས་སྡེའི་ གྲོས་འདེབས་དེ་ལུ་ ངོས་ལེན་ཐོག་ལས་ ཞུ་མིའི་ནང་ དཔྱད་ཡིག་དེ་ རྒྱལ་ཁབ་ནང་ ཁག་ཆེ་བའི་ བཅའ་ཁྲིམས་ཅིག་འབད་རུང་ གྲུབ་འབྲས་བཏོན་མ་ཚུགས་པའི་ གནས་སྟངས་ཅིག་ལུ་ གྱུར་སོཔ་མ་ཚད་ ཁྲིམས་ཀྱི་རིང་ལུགས་ལུ་ ཐོ་སྦོམ་སྦེ་ར་ བཀལ་ཡི་ཟེར་ཞུ་ཡི།

ཁོ་གིས་འབད་བ་ཅིན་ ཏི་རུ་དང་ དངུལ་འབྲེལ་གྱི་དཔྱད་ཡིག་ ཅོག་མི་འཐད་པའི་ཁར་ རྩ་ཁྲིམས་ཆེན་མོའི་ནང་ཡང་ ཏི་རུ་དང་ དངུལ་འབྲེལ་དཔྱད་ཡིག་གི་སྐོར་ དྭངས་གསལ་སྦེ་ གསལ་བཀོད་འབད་དེ་ཡོད་ཟེར་ཞུ་ཡི།

མ་གཞི་ དཔྱད་ཡིག་དེ་ ཏི་རུའི་དཔྱད་ཡིག་ཅིག་སྦེ་ ངོས་ལེན་འབད་ཡོད་རུང་ ཆ་འཇོག་གྲུབ་པའི་སྐབས་ དེ་བཟུམ་སྦེ་ མ་འགྱོ་བའི་ཁར་ ཧེ་མ་ དཔྱད་ཡིག་ངོ་སྤྲོད་འབད་བའི་སྐབས་ དཔལ་འབྱོར་དང་དངུལ་རྩིས་ཚོགས་ཆུང་ལུ་ གྲོས་བསྟུན་མ་འབདཝ་མ་ཚད་ དངུལ་འབྲེལ་གྱི་ དཔྱད་ཡིག་ཨིནམ་སྦེ་ སྙན་ཞུ་འབད་ཡི་ཟེར་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ ཞུ་ཡི།

བར་མཚམས་-གཤོང་ཕུག་གི་འཐུས་མི་ མཁས་དབང་པ་སངས་རྡོ་རྗེ་གིས་ མི་དམངས་དངུལ་རྩིས་བཅའ་ཁྲིམས་ཀྱི་དོན་ཚན་༤༦(ཁ) པ་དང་འཁྲིལ་བ་ཅིན་ ཏི་རུའི་དཔྱད་ཡིག་དེ་ དངུལ་རྩིས་བློན་པོ་གིས་ ཚོགས་ཁང་ནང་ སྙན་ཞུ་ཕུལ་མི་ལས་ འགོ་བཟུང་སྟེ་ བསྟར་སྤྱོད་འབད་དགོཔ་སྦེ་ ཡོད་མི་ལུ་བརྟེན་ འཕྲི་སྣོན་མ་འབདཝ་ཚུན་ དཔྱད་ཡིག་དེ་ ཁྲིམས་འགལ་འགྱོ་འོང་ཟེར་ཞུ་ཡི།

འཐུས་མི་གིས་ གལ་སྲིད་ ཕྱིར་བཏོན་འབད་བ་ཅིན་ རིམ་ལུགས་བཟོ་ནི་གི་ འཕྲུལ་རིག་མ་ཚུད་མིའི་ ལཱ་འཕྲོ་མཐུད་དེ་འབད་ནི་གི་ གོ་སྐབས་འཐོབ་ནི་དང་ ཁྲིམས་འགལ་མེད་པར་ ལཱ་འབད་མ་ཚུགས་པའི་ ཁེ་ཕན་འདུག་ཟེར་ཞུ་ཡི།

ཨིན་རུང་ ཧེ་མའི་དཔྱད་ཡིག་བཟུམ་སྦེ་ ཆ་འཇོག་འབད་བ་ཅིན་ ཁྲིམས་དོན་གྱི་ དྭངས་གསལ་མེད་པའི་ཁར་ གལ་སྲིད་ ད་ལྟོའི་གཞུང་དེ་ ལོག་སྟེ་ར་ གཞུང་སྐྱོང་ནི་གི་ གོ་སྐབས་འཐོབ་པ་ཅིན་ ལཱ་དེ་ འཕྲོ་མཐུད་འབད་ནིའི་ གོ་སྐབས་ཡོད་རུང་ དེ་མེན་ ལམ་ལུགས་བཟོ་བའི་ ཟད་འགྲོ་ཚུ་ འཕྲོ་བརླག་འགྱོ་འོང་ཟེར་ འཐུས་མི་པ་སངས་རྡོ་རྗེ་གིས་ཞུ་ཡི།

གཞུང་གིས་ ཅ་ཆས་དང་ཞབས་ཏོག་ཁྲལ་གྱི་ ལམ་ལུགས་བཟོ་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༥༠༠ བགོ་བཀྲམ་འབད་མི་ལས་ དངུལ་ཀྲམ་ས་ཡ་༢༠༠ ཟད་འགྲོ་བཏང་ཡོདཔ་བཞིན་དུ་ དངུལ་ཀྲམ་ས་ཡ་༣༠ ཕྱིའི་མཁས་མཆོག་ཚུ་ལུ་ བྱིན་ཡོདཔ་ཨིན་པས།

མ་གཞི་ དཔྱད་ཡིག་དེ་ སྤྱི་ལོ་༢༠༢༡ ཟླ་༧ པ་ལས་ ལག་ལེན་འཐབ་ནི་གི་ འཆར་གཞི་སྡོད་ཡོད་རུང་ གཅིག་སྒྲིལ་ཅན་གྱི་ འབྲུག་གི་ཁྲལ་གྱི་རིམ་ལུགས་ གྲ་སྒྲིག་མ་འགྱོ་མི་ལུ་བརྟེན་ ཕར་འགྱངས་འབད་ཡོདཔ་ཨིན་པས།

དཔྱད་ཡིག་ངོ་སྤྲོད་འབད་བའི་སྐབས་ དངུལ་རྩིས་བློན་པོ་གིས་ མ་གཞི་ རིམ་ལུགས་དེ་ གྲ་སྒྲིག་སོང་ཡོད་རུང་ དགོས་མཁོ་ཅན་གྱི་ ཅ་ཆས་ཅིག་ ཐོབ་མ་ཚུགས་པའི་ཁར་ ད་རེས་ དཔལ་འབྱོར་དང་ སྐྱ་ནམ་གྱི་ གོང་ཚད་ཡར་འཕར་སོང་མི་ལུ་བརྟེན་ ཁྲལ་བཀལ་བའི་སྐབས་ དཀའ་ངལ་འབྱུང་འོང་ཟེར་ ཚོགས་ཁང་ནང་ ཞུ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *