རྒྱལ་ཡོངས་ཚོགས་འདུ་གིས་ ཅ་ཆས་དང་ཞབས་ཏོག་ཁྲལ་གྱི་དཔྱད་ཡིག་ ཆ་འཇོག་འབད་ཡོདཔ།

༉ འབྲུག་གི་ཅ་ཆ་དང་ཞབས་ཏོག་ཁྲལ་གྱི་ འཕྲི་སྣོན་༢༠༢༡ ཅན་མ་དེ་ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་གིས་ ཆ་འཇོག་འབད་ ཡི།

དཔྱད་ཡིག་དེ་ ཏི་རུའི་དཔྱད་ཡིག་འབདཝ་ལས་ ད་རེས་ཀྱི་ ཚོགས་ཐེངས་ནང་ ངོ་སྤྲོད་འབད་དེ་ གྲོས་བསྡུར་ཚུ་འབད་ཡོདཔ་ བཞིན་དུ་ ཆ་འཇོག་དེ་ཡང་ ཚོགས་ཐེངས་འདི་ནང་ར་ འབད་དགོཔ་བཞིན་དུ་ ཁ་ཙ་ ཆ་འཇོག་འབད་ཡི།

དཔྱད་ཡིག་དེ་ ཚོགས་ཁང་གིས་ གྲོས་བསྡུར་འབད་བའི་ཤུལ་ལས་ རྒྱལ་ཡོངས་ཚོགས་སྡེ་ལུ་ བཏང་ཡོད་རུང་ ཏི་རུའི་དཔྱད་ ཡིག་འབདཝ་ལས་ ཚོགས་སྡེའི་་བསམ་འཆར་ཚུ་ ཁྲིམས་མཐུན་གྱི་ངོས་ལེན་འབད་མི་དགོ་ནི་ཨིན་པས།

དཔྱད་ཡིག་དེ་ ན་ཧིང་ སྤྱི་ཟླ་དང་པའི་ནང་ ཆ་འཇོག་འབད་ཡོད་རུང་ བསྟར་སྤྱོད་ཀྱི་ཚེས་གྲངས་དེ་ དུས་ཅི་ སྤྱི་ཟླ་༧ པའི་ ཚེས་༡ སྦེ་ བཞག་ཡོད་མི་དེ་ གྲ་སྒྲིག་ཚུད་མ་ཚུགསཔ་ལས་ ལོ་༡ གི་རིང་ ཕར་ཕུད་རྐྱབ་དགོཔ་བྱུང་ཡོདཔ་ཨིན་པས།

བསྟར་སྤྱོད་དེ་གི་དོན་ལུ་ གཞུང་གིས་ དངུལ་ཀྲམ་ས་ཡ་༦༠༠ གནས་མི་ མཉེན་ཆས་དེ་ ཟླཝ་༦ གི་ནང་འཁོད་ལུ་ བཟོ་ཚར་ འོང་ཟེར་ ཚོགས་ཁང་ནང་ དཔྱད་ཡིག་འགོ་འཛིན་པ་ དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ ཞུ་ཡོདཔ་ཨིན་པས།

མཉེན་ཆས་དེ་ ཐིམ་ཕུག་ བརྡ་དོན་དང་འཕྲུལ་རིག་ལྟེ་བ་གིས་ ཨར་མི་ན་ལས་ཨིན་མི་ མཁས་མཆོག་ཚུ་དང་གཅིག་ཁར་ བཟོ་དོ་ཡོདཔ་ཨིན་པས།

ཁྲལ་གྱི་ལམ་ལུགས་དེ་ གསརཔ་འབདཝ་ལས་ འབྲེལ་བ་འཐབ་མི་ཚུ་ལུ་ སྦྱང་བ་ཚུ་བྱིན་དགོ་པའི་ཁར་ ལམ་ལུགས་དེ་ ཚོང་ འབྲེལ་འཐབ་མི་ཚུ་གིས་ ཧ་གོ་དགོཔ་ལས་ དུས་ཚོད་དགོཔ་སྦེ་ ཚོགས་ཁང་ནང་ ཞུ་ཡོདཔ་ཨིན་པས།

བཅའ་ཡིག་དེ་ བསྟར་སྤྱོད་འབད་མི་དང་འབྲེལ་ འོང་འབབ་དངུལ་ཀྲམ་ཐེར་འབུམ་༣ དེ་ཅིག་ ཁ་སྐོང་བཟོ་ཚུགས་པའི་དམིགས་གཏད་ཡོདཔ་ཨིན་པས།

ཅ་ཆས་དང་ཞབས་ཏོག་གི་ཁྲལ་དེ་ བཟའ་སྤྱོད་དང་ཞབས་ཏོག་སྤྱོད་པའི་སྐབས་ སྤྲོད་དགོ་པའི་རིགས་ལུ་གོ་ནི་ཨིནམ་ད་ དེ་ཡང་ རྒྱལ་སྤྱི་ནང་ བཏབ་སྲོལ་ཡོད་དོ་བཟུམ་སྦེ་ ནང་འཁོད་ ཡང་ན་ ནང་འདྲེན་འབད་དེ་ བཟོ་མིའི་རིགས་ཚུ་ལུ་ ཕོག་ནི་ཨིན་པས།

དེ་ཡང་ རྒྱལ་ཁབ་ནང་ ཁྲལ་བཏབ་མི་མར་བབས་འགྱོ་མི་དེ་ མེདཔ་བཟོ་ཐབས་ལུ་དམིགས་ཏེ་ཨིནམ་ལས་ དེ་གིས་ རྒྱལ་ཁབ་ཀྱི་དཔལ་འབྱོར་ལུ་ ལྷན་ཐབས་འབད་ཚུགས་ནི་ཨིན་པས།

རྒྱལ་ཡོངས་ཚོགས་འདུ་གིས་ ཆ་འཇོག་འབད་ཡོདཔ་ལས་ སང་ཕོད་ལས་ བསྟར་སྤྱོད་འབད་ནི་ཨིན་རུང་ བཀའ་འགྲོལ་དོན་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ ཕུལ་དགོ་ནི་ཨིན་པས།

འཕྲི་སྣོན་དཔྱད་ཡིག་ལུ་ རྒྱལ་ཡོངས་ཚོགས་སྡེ་གིས་ སྤྱིར་བཏང་གི་ གྲོས་འདེབས་ཁག་༢ མ་གཏོགས་ བཀོད་དེ་མེདཔ་ཨིན་ པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *