ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་ནང་ ཤུལ་མའི་རྩིས་ལོའི་དོན་ལུ་ གནས་སྐབས་འཆར་དངུལ་སྐོར་ལས་ རྩོད་འགྲན་སྦོམ་བྱུང་པའི་ཤུལ་ལས་ གསོལ་ཇའི་བམ་གྲོལ་བའི་སྐབས་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་གིས་ རྒྱལ་ཡོངས་ཚོགས་ཁང་ནང་ བསྟུན་གྲོས་གནང་པའི་བསྒང་།

རྒྱལ་ཡོངས་ཚོགས་འདུ་གིས་ གསར་སྒྲུབ་འཆར་དངུལ་ ཟླཝ་༦ གི་མར་ཕབ་རྐྱབ་ཡོདཔ།

ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་ནང་ གཞུང་སྐྱོང་ཚོགས་པ་གིས་ ཤུལ་མའི་ རྩིས་ལོ་གི་འཆར་གཞི་དོན་ལུ་ འཆར་དངུལ་ཚུ་ བདེ་སྒྲིག་འབད་མིའི་སྐོར་ལས་ ཡུན་རིངམོ་སྦེ་ར་ རྩོད་བསྡུར་བྱུང་ཡི།

རྩོད་བསྡུར་འབད་མི་ལུ་བརྟེན་ ཚོགས་ཁང་གིས་ སྤྱི་ལོ་༢༠༡༨ ལས་༢༠༡༩ ལོའི་ གསར་སྒྲུབ་མ་དངུལ་ཆ་མེད་བཏང་སྟེ་ ཚོགས་ཁང་གིས་ གསར་སྒྲུབ་ཟད་འགྲོ་གཏང་ནི་ཨིན་མི་དེ་ ཤུལ་མའི་གཞུང་མ་ཚོགས་ཚུན་ ཟླཝ་༦ གི་རིང་ ཆ་འཇོག་འབད་ཡི།

རྩིས་ལོ་༢༠༡༨ ལས་༢༠༡༩ ལོའི་དོན་ལུ་ རྒྱུན་སྐྱོང་གི་ཟད་འགྲོ་དེ་ དངུལ་ཀྲམ་ས་ཡ་༢༩ ཆ་འཇོག་འབད་ཡོདཔ་ད་ གྲོས་བསྡུར་དེ་ཡང་ སྤྱི་ཟླ་༧ པའི་ཚེས་༡ ལས་ འཆར་གཞི་༡༢ པ་ འགོ་བཙུགས་ནི་དང་ སྤྱི་ཟླ་༨ པའི་ཚེས་༢ ལས་ གཞུང་གི་གནས་ཡུན་ཚང་ནི་ཨིན་པས།

ཨིན་རུང་ གཞུང་༣ པ་དེ་ སྤྱི་ཟླ་༡༡ པ་ལས་རྐྱངམ་གཅིག་ འཚོགས་ཚུགས་ནི་ཨིནམ་ལས་ དེ་གི་བར་ན་ གཞུང་གསརཔ་དེ་གིས་ ཟླཝ་༦ གྲ་སྒྲིག་འབད་ནིའི་དུས་ཚོད་ འཐོབ་ནི་ཨིན་པས།

ཚོགས་དཔོན་འཇིགས་མེད་བཟང་པོ་གིས་ བར་ན་དུས་ཚོད་ཡོད་མིའི་ གནད་དོན་དེ་ གཞུང་༥ པ་ཚུན་ འགོར་ནི་མས་ཟེར་ཨིནམ་ད་  དཀའ་ངལ་སེལ་ཐབས་ལུ་ གཞུང་གིས་ སྤྱི་ཟླ་༦ པའི་ཚེས་༡༨ ལུ་ གནས་སྐབས་ཀྱི་འཆར་དངུལ་ དངུལ་ཀྲམ་ས་ཡ་༤༣.༥ གྲོས་འདེབས་འབད་ཡོདཔ་ཨིན་པས།

རྒྱལ་ཡོངས་ཚོགས་འདུའི་ དངུལ་འབྲེལ་ཚོགས་ཆུང་གིས་ འཆར་དངུལ་དེ་ལུ་ བསྐྱར་ཞིབ་འབད་བའི་ཤུལ་ལས་ ཚོགས་ཁང་ནང་ ཁ་ཙ་བཙུགས་ཡི།

བསྐྱར་ཞིབ་འབད་མི་དང་འཁྲིལཝ་ད་ རྩིས་ལོ་དེ་གི་དོན་ལུ་ གནས་སྐབས་ཀྱི་འཆར་དངུལ་ཚུ་ཡང་ ད་ལྟོ་ ལཱ་ཚུ་འབད་བའི་བསྒང་ཡོད་མི་དང་ ཤུལ་མའི་རྩིས་ལོ་ནང་ འཕྲོ་མཐུད་འབད་དགོ་མི་དང་ བུ་ལོན་བཏབ་ནི་དང་ གལ་ཆེ་བའི་ལཱ་ཚུ་འཕྲོ་མཐུད་འབད་དེ་ མི་མང་གི་ཞབས་ཏོག་ཚུ་ བར་རྐྱེན་མེད་པར་ སྤྲོད་ཐབས་ལུ་དམིགས་ཡོདཔ་ཨིན་པས།

སྙན་ཞུ་དང་འཁྲིལཝ་ད་ དངུལ་རྩིས་ལྷན་ཁག་གིས་ ཚོགས་ཆུང་ལུ་ ལས་སྣ་དེ་ཚུ་ ད་ལྟོ་འབད་འཕྲོ་དང་ མ་དངུལ་གྱི་གྲོགས་རམ་ཐོབ་མི་ལས་ འབད་བའི་བསྒང་ཡོད་མི་ཚུ་དང་ གཞུང་གིས་ མ་དངུལ་ཐོག་ལས་འབད་མི་ཚུ་ཡོདཔ་སྦེ་ སླབ་ཡོདཔ་ཨིན་པས།

དེ་ལས་ ཚོགས་ཆུང་གིས་ ལྷན་ཁག་གི་སྙན་ཞུ་དེ་ གཞུང་གསརཔ་འོངམ་ད་ གནས་སྐབས་འཆར་དངུལ་དེ་ འཕྲི་སྣོན་འབད་ནིའི་ འགན་ཁུར་འབག་དགོཔ་སྦེ་ཡོདཔ་ཨིན་རུང་ ལྡོག་ཕྱོགས་འགོ་ཁྲིདཔ་ད་ ཌོག་ཊར་པདྨ་རྒྱ་མཚོ་གིས་ ད་ལྟོའི་ཚོགས་ཁང་གིས་ ཆ་འཇོག་མ་འབད་བར་ཡོད་མི་ འཆར་གཞི་༡༢ པའི་རྩིས་ལོའི་ འཆར་དངུལ་ཚུ་ ཆ་འཇོག་འབད་ནིའི་ དབང་ཆ་ཡོདཔ་ཨིན་ན་ཟེར་ དྲི་བཀོད་འབད་ཡི།

ཁོ་གིས་ཞུ་མིའི་ནང་ གཞུང་གིས་ དེ་སྦེ་འབད་མི་དེ་གིས་ མ་འོངས་པའི་གཞུང་གི་ལཱ་འགན་ལུ་ བར་འཛུལ་འབད་དོ་བཟུམ་ མི་མཐོངམ་པས་ག་ཟེར་ དྲི་བ་བཀོད་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ཚོགས་ཁང་གིས་ དམངས་གཙོའི་རིང་ལུགས་ལུ་ གུས་བཀུར་འབད་དགོ་ཟེར་ཨིནམ་ད་ རྩིས་ལོ་༢༠༡༨ དང་༢༠༡༩ ལོའི་འཆར་དངུལ་ཨིན་པ་ཅིན་ ལྡོག་ཕྱོགས་ཚོགས་པ་གིས་ རྒྱབ་སྐྱོར་མི་འབད་ཟེར་ཞུ་ཡི།

ཨིན་རུང་ ཁོ་གིས་ ལྡོག་ཕྱོགས་ཚོགས་པ་གིས་ གལ་ཆེ་བའི་ལཱ་ཚུ་ འཕྲོ་མཐུད་འབད་དགོཔ་ཡོད་མི་ལུ་ རྒྱབ་སྐྱོར་ཡོད་ཟེར་ཞུ་ཡོདཔ་ད་ རྫོང་ཉམས་གསོ་ཞུ་བའི་བསྒང་ཡོད་མི་དང་ གཞུང་ལམ་རྒྱ་སྐྱེད་འབད་མི་ཚུ་ཨིན་པ་ཅིན་ རྒྱབ་སྐྱོར་ཡོད་ཟེར་ཞུ་ཡི།

ཁོ་གིས་འབད་བ་ཅིན་ གནས་སྐབས་ཀྱི་རིང་ ཟླ་ངོ་དྲུག་གི་འཆར་དངུལ་ཆ་འཇོག་མི་དེ་ དཔེ་ལེགས་ཤོམ་ཅིག་མི་མཐོང་པས་ཟེར་ཞུ་ཡི།

པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ གཞུང་གི་གནས་ཡུན་དེ་ སྤྱི་ཟླ་༨ པའི་ཚེས་༢ ལས་ མཇུག་བསྡུཝ་ཨིནམ་ལས་ དངུལ་ཀྲམ་ཕྱེད་ཀྲམ་ཅིག་ཡང་ ལག་ལེན་འཐབ་ནིའི་ དབང་ཆ་མེད་ཟེར་ཞུ་ཡི།

དེ་ཡང་ འཆར་གཞི་ཚུ་ག་ར་ ལོ་ལྔའི་དོན་ལུ་ བརྩམས་ཡོདཔ་ལས་ གནས་ཡུན་དེ་ལུ་ གུས་ཞབས་འབད་དགོ་ཟེར་ཨིན་པའི་ཁར་ མི་མང་གི་ཞབས་ཏོག་ཚུ་ལུ་ ཐོ་མ་ཕོགཔ་སྦེ་བཞག་ཐབས་ལུ་ མ་དངུལ་ཚུ་བྱིན་ཏེ་ ཟླཝ་༦ གི་རིང་འབད་བཅུག་དགོ་ཟེར་ཞུ་ཡི།

སྤྱི་ཟླ་༦ པའི་ཚེས་༣༠ ལས་ ལས་འགུལ་དང་ ལཱ་རིགས་ཚུ་ མཇུག་བསྡུ་མ་ཚུགས་པ་ཅིན་ རང་བཞིན་གྱིས་ འཆར་གཞི་གསརཔ་ནང་ ལཱ་འཕྲོ་མཐུད་སྦེ་ སྡོད་འོང་ཟེར་ཞུ་ཡོདཔ་ད་ ལཱ་ཚུ་འཕྲོ་མཐུད་ལུས་མི་དེ་ཡང་ འཆར་གཞི་ཚུ་ ལེགས་ཤོམ་སྦེ་མ་བརྩམ་པའི་ རྟགས་མཚན་ཨིན་མས་ཟེར་ཞུ་ཡི།

དངུལ་རྩིས་བློན་པོ་རྣམ་རྒྱལ་རྡོ་རྗེ་གིས་ ལཱ་འཕྲོ་མཐུད་ལུས་མི་དེ་ འགོ་དང་པ་མེན་པར་ འཆར་གཞི་༡༠ པའི་ནང་ དངུལ་ཀྲམ་ཐེར་འབུམ་༡.༥ གནས་པའི་ལཱ་དང་ འཆར་གཞི་༡༠ པ་ལས་ ད་རུང་ དངུལ་ཀྲམ་ཐེར་འབུམ་༥ དེ་ཅིག་ ལཱ་འཕྲོ་མཐུད་འབད་དགོཔ་སྦེ་ ལུས་ནུག་ཟེར་ཨིན་པའི་ཁར་ ཤུལ་མའི་འཆར་གཞི་ནང་ཡང་ དངུལ་ཀྲམ་ས་ཡ་༥ དེ་ཅིག་ གནས་པའི་ལཱ་ཚུ་ འཕྲོ་མཐུད་འབད་དགོཔ་ འཐོན་ནི་མས་ཟེར་ཞུ་ཡི།

ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་གིས་ གཞུང་གིས་ ཤུལ་མའི་གཞུང་གི་འགན་ཁུར་ཚུ་ལུ་ བར་རྐྱེན་མ་རྐྱབ་པར་ འབད་དགོ་པའི་སྐོར་ལས་ཤེས་རུང་ གཞུང་གསརཔ་འོངམ་ད་ འཆར་གཞི་༡༢ པ་དེ་ གྲ་སྒྲིག་སྦེ་བཟོ་ནི་དེ་ གཞུང་གི་འགན་ཁུར་ཨིན་ཟེར་ཨིནམ་ད་ བསྐྱར་ཞིབ་འབད་ནིའི་ཐད་ཁར་ གཞུང་གསརཔ་གི་ ལག་པར་ཡོད་ཟེར་ཞུ་ཡི།

ཁོ་གིས་ འཆར་གཞི་༡༢ པའི་ནང་ གསར་སྒྲུབ་ཀྱི་ལཱ་ག་ནི་ཡང་ ཟིན་བྲིས་བཀོད་དེ་མེད་ཟེར་ཨིནམ་ད་ གནས་སྐབས་ཀྱི་ འཆར་དངུལ་མེད་པ་ཅིན་ གལ་ཆེ་བའི་ལཱ་ཚུ་ལུ་ ཐོ་ཕོག་འོང་ཟེར་ཞུ་ཡི།

བསྟན་རྒྱས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ གཞུང་ག་འོང་སྟེ་འབད་རུང་ རྒྱུན་སྐྱོང་གི་ ཟད་འགྲོ་གཏང་དགོ་ཟེར་ཨིནམ་ད་ དེ་བཟུམ་སྦེ་ བུ་ལོན་སྤྲོད་ནི་ཡོད་མི་དེ་ཡང་ སྤྲོད་དགོ་པའི་ཁར་ གལ་ཆེ་བའི་ལཱ་ཚུ་ཡང་ ངེས་པར་དུ་ འབད་དགོ་ཟེར་ཞུ་ཡི།

ཚོགས་ཁང་གི་ འཐུས་མི་གཞན་༡༡ གིས་ཡང་ གནད་དོན་དེ་ལུ་ ཞུ་ནིའི་གོ་སྐབས་ལེན་ཡོད་རུང་ ཚོགས་དཔོན་གྱིས་ གསོལ་ཇའི་བརམ་ འགྲོལ་ནིའི་དོན་ལུ་ མཚམས་འཇོག་ལེན་པའི་ཤུལ་ལས་ བློན་པོ་ཚུ་གིས་ ཚོགས་ཁང་ནང་ དུས་ཡུན་སྐར་མ་༥ དེ་ཅིག་གི་རིང་སྡོད་དེ་ བརམ་འགྲོལ་བའི་ཤུལ་ལས་ གསར་སྒྲུབ་མ་དངུལ་དེ་ ཟླཝ་༦ གི་རིང་བཞག་ནི་སྦེ་ མོས་མཐུན་བྱུང་ཡི།

གནས་སྐབས་འཆར་དངུལ་དང་འཁྲིལཝ་ད་ གསར་སྒྲུབ་འཆར་དངུལ་དེ་ ལོ་༡ གི་རིང་བཞག་ཡོདཔ་ད་ དེ་ཡང་ དངུལ་ཀྲམ་ཐེར་འབུམ་༡༠.༧ དེ་ཅིག་གི་ རྩིས་ཡོདཔ་ཨིན་པས།

བློན་པོ་རྣམ་རྒྱལ་རྡོ་རྗེ་གིས་ འཆར་དངུལ་དེ་གི་དོན་ལུ་ ཟླཝ་༦ འབད་རུང་ ལོ་༡ གི་རིང་ བཞག་སྟེ་འབད་རུང་ གཞུང་ལུ་ཁེ་ཕན་ག་ནི་ཡང་མེད་པའི་ཁར་ ཁེ་ཕན་ལྟག་སྤྲོད་ ག་ནི་ཡང་མེད་ཟེར་ ཞུ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *