པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ དབང་འཛིན་གཞི་བཙུགས་འབད་ནིའི་ བསམ་འཆར་ཞུ་བའི་བསྒང་།

རྒྱལ་ཡོངས་ཚོགས་འདུ་གིས་ འབྲུག་གི་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དཔྱད་ཡིག་༢༠༡༧ གྱི་ འཕྲོ་མཐུད་གསུང་གྲོས་གནང་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་གིས་ འབྲུག་གི་བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱུད་དཔྱད་ཡིག་༢༠༡༧ ཅན་མའི་གུ་ ལྷག་ཐེངས་༣ པའི་གསུང་གྲོས་ འགོ་བཙུགས་གནང་ཡི།

རྒྱལ་ཡོངས་ཚོགས་འདུ་གི་ ཁྲིམས་དོན་ཚོགས་ཆུང་གིས་ འདས་པའི་ཚོགས་ཐེངས་སྐབས་ ལྷག་ཐེངས་༢ པ་ འབད་བའི་ཤུལ་ལས་ ཚོགས་ཆུང་ལུ་ ལྷོད་པའི་ཤུལ་ལས་ འབྲེལ་བ་ཡོད་པའི་ ལས་སྡེ་དང་ཡིག་ཚང་ཚུ་དང་གཅིག་ཁར་ གྲོས་བསྟུན་ཚུ་ འབད་ཡི་ཟེར་ ཚོགས་ཆུང་གི་ཁྲི་འཛིན་ རི་ཊུ་རཇ་ ཆེ་ཏི་རི་གིས་ཞུ་ཡི།
ཁ་ཙ་ ཚོགས་ཆུང་གིས་ དཔྱད་ཡིག་དེ་ལུ་ གྲོས་འདེབས་ཁག་༧༧ དེ་ ཚོགས་ཁང་ནང་ གྲོས་བསྡུར་གྱི་དོན་ལུ་ བཙུགས་པའི་སྐབས་ རྒྱལ་སྤྱིའི་མཐུན་ལམ་དང་ རྒྱལ་ཁམས་ཀྱི་ ཉེན་སྲུང་གི་འོག་ལུ་ བརྡ་དོན་དང་བརྡ་བརྒྱུད་ཀྱི་ མཐུན་རྐྱེན་ཚུ་ལུ་ བདག་དབང་ལེན་པའི་ཤུལ་ལས་ རྒུད་འཐུས་སྤྲོད་ནིའི་དུས་ཚོད་དེ་ ཟླ་ངོ་༣ བཞག་ཡོད་མི་དེ་ལུ་ འཐུས་མི་ལ་ལོ་གིས་ བཏུབ་མ་བཏུབ་སྐོར་ གྲོས་བསྡུར་ཡུན་རིང་བྱུང་ཡི།
ཚོགས་ཁང་གིས་ དཔྱད་ཡིག་གི་དོན་ཚན་༣༠ ནང་ དབང་འཛིན་གཞི་བཙུགས་འབད་ནིའི་ཐད་ལུ་ གྲོས་བསྡུར་འབད་བའི་ཤུལ་ལས་ དཔྱད་ཡིག་ནང་ བཀོད་དོ་བཟུམ་སྦེ་ ཁྲི་འཛིན་༡ དང་ འཐུས་མི་སྦེ་ ཞི་གཡོགཔ་༣ དང་ སྒེར་སྡེ་ལས་ ངོ་ཚབ་༡ བཙུགས་ནི་ལུ་ གྲོས་འཆམ་བྱུང་ཡི།
པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ དབང་འཛིན་གཞི་བཙུགས་འབད་ནིའི་དོན་ལུ་ ཞི་གཡོག་ལྷན་ཚོགས་ཀྱི་ སྲིད་བྱུས་ལྟར་ འཇོན་ཐངས་ཅན་གྱི་ ཞི་གཡོགཔ་ག་དེ་ཉུང་ཉུང་ བཞག་ནི་གི་ དམིགས་དོན་ཡོད་མི་ལྟར་ དབང་འཛིན་དེ་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གི་འོག་ལུ་ བཞག་པ་ཅིན་ཟེར་བའི་ བསམ་འཆར་ཚུ་ཞུ་ཡི།
ཨིན་རུང་ ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་གིས་ ཞུ་དོ་བཟུམ་འབད་བ་ཅིན་ བརྡ་བརྒྱུད་དང་ རང་དབང་གི་ཐོག་ལས་ བཞག་དགོཔ་ གལ་ཆེཝ་ལས་ གཞུང་གིས་ ལགཔ་མི་རྐྱབ་ནིའི་དོན་ལུ་ གཞུང་དང་འབྲེལ་བ་མེདཔ་སྦེ་ བཞག་ནི་དེ་ གལ་ཆེ་བའི་ཁར་ དེ་མེན་ སྟབས་མི་བདེ་འོང་ཟེར་ཞུ་ཡི།
ཚོགས་ཁང་གིས་ དཔྱད་ཡིག་གི་ དོན་ཚན་༩༥ ནང་ དབང་འཛིན་ནང་ལཱ་འབད་མི་ལུ་ ཁྲིམས་འབྲེལ་གྱི་ ཉེས་འཛུགས་སྐོར་ལས་ཡོད་མི་དེ་ ཕྱིར་བཏོན་འབད་ཡི།
སྤ་རོ་ ལམ་གོང་ཝང་ལྕང་གི་འཐུས་མི་ མཁའ་འགྲོ་དབང་ཕྱུག་གིས་ དོན་ཚན་དེ་གིས་ དོན་ཚན་དེ་ དཔྱད་ཡིག་ནང་བཞག་པ་ཅིན་ མ་འོངས་པ་ལུ་ དབང་འཛིན་ནང་ ལཱ་འབད་མི་ཚུ་གི་ དཔེ་ངན་སྟོན་ནི་གི་ གོ་སྐབས་འདུག་ཟེར་ཨིནམ་ད་ དེ་ལུ་ འཐུས་མི་ཚུ་གིས་ རྒྱབ་སྐྱོར་འབད་ཡི།
དབང་འཛིན་གྱིས་ གྲོས་ཐག་བཅད་མ་ཚུགས་པའི་ གནད་དོན་ཚུ་ཐོནམ་ད་ ས་སྒོ་གཞན་བཟོ་ནིའི་དོན་ལུ་ ཁྲིམས་དོན་ཚོགས་ཆུང་ གཞི་བཙུགས་ འབད་དགོ་པའི་སྐོར་ལས་ཡོད་མི་དེ་ ལྷན་ཁག་གིས་ གྲོས་འདེབས་ལྟར་མེན་པར་ རྩ་ཁྲིམས་ཆེན་མོ་དང་འཁྲིལ་ གཞི་བཙུགས་འབད་ནི་ཟེར་ ཆ་འཇོག་གྲུབ་ཅི།
ཚོགས་ཁང་གིས་ དཔྱད་ཡིག་གི་ ལྷག་ཐེངས་༣ པ་དེ་ སྤྱི་ཟླ་༦ པའི་ཚེས་༢ ལུ་ འཕྲོ་མཐུད་གྲོས་བསྡུར་འབད་ནི་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

མདའ་རྩེད་དེ་ སྲོས་ཀྱི་མི་སེར་ཚུ་གི་དོན་ལུ་ སྤྲོ་སྟོན་འབད་ནིའི་ དུས་ཚོད་ཅིག་ཨིནམ།

༉ ལ་གོང་གསུམ་གྱི་ མི་སེར་ཚུ་གི་དོན་ལུ་ ཕམ་སྤུན་ཆ་འཛོམས་ཏེ་ སྤྲོ་བ་སྟོན་ནིའི་ དུས་ཚོད་བཟང་པོ་ཅིག་ མདའ་རྩེད་འགྲན་བསྡུར་འབད་ནི་དེ་ཨིན་པས། དེ་འབདཝ་ལས་ ཁ་ཙ་ ཐིམ་ཕུག་སྲོས་རྒེད་འོག་ནང་ ཁཝ་འགོ་དང་པ་རྐྱབ་ཡོདཔ་ལས་ གྱང་ཤུགས་ཆེ་བའི་ཁར་ ཆརཔ་གིས་སྦང་རུང་ མདའ་རྩེདཔ་ཚུ་ལུ་ ཧེང་སྐལ་ར་ …

Leave a Reply

Your email address will not be published. Required fields are marked *