སྤྱི་ཟླ་༤ པའི་ཚེས་༡ ལས་ གྱིབ་ཤོག་ལག་ལེན་ ནན་བསྐྱར་བཀག་དམ་འབད་ཞིནམ་ལས་ཚུར་ བཟོ་གྲྭ་ལས་སྡེ་དེ་ ལག་ལེན་འཐབ་ནི་ལས་ བཀག་འཛིན་འབད་ནུག།

རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱིས་ ཆུ་ཤོག་མེན་པའི་ བཙུགས་ཧོད་ཐོན་སྐྱེད་ཀྱི་གནང་བ་ ཆ་མེད་བཏང་ཡོདཔ།

༉ དུས་ཅི་ སྤྱི་ཟླ་༤ པ་ལས་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱིས་ རཱཊ་ན་བསམ་འཕེལ་ཕད་ཅུང་དང་ ཤོག་གུ་བཟོ་གྲྭ་ལས་སྡེ་ལུ་ ཆུ་ཤོག་མིན་པའི་ བཙུགས་ཧོད་བེག་ ཐོན་སྐྱེད་འབད་ནི་ བཀག་ཆ་འབད་མི་ལུ་བརྟེན་ གྱོང་རྒུད་སྦོམ་སྦེ་ར་ ཕོག་སྟེ་ཡོད་ཟེར་ཨིན་པས།
ཐིམ་ཕུག་ལྕང་ཟམ་ཏོག་ལུ་ ཚོང་འབྲེལ་ལྟེ་བའི་ སྒྲིང་ཁྱིམ་ནང་ བཙུགས་ཏེ་ཡོད་མི་ བཟོ་གྲྭ་ལས་སྡེ་ལུ་ ཆུ་ཤོག་མིན་པའི་ བཙུགས་ཧོད་བེག་ཚུ་ སྤྱི་ལོ་༡༩༩༩ ལུ་ ཆུ་ཤོག་ལག་ལེན་བཀག་དམ་འབད་མི་དེ་ ནན་བསྐྱར་དུ་ བསྟར་སྤྱོད་ཀྱི་ གསལ་བསྒྲགས་འབད་མིའི་ནང་ ཚུད་དེ་ཡོདཔ་བཞིན་དུ་ ཆུ་ཤོག་ལག་ལེན་བཀག་དམ་དེ་ དུས་ཅི་ སྤྱི་ཟླ་༤ པའི་ཚེས་༡ ལས་ འགོ་བཙུགས་ཅི་ཟེར་ ལྷན་ཚོགས་ཀྱི་དྲུང་ཆེན་ བསོད་ནམས་པི་དབང་འདུས་ཀྱིས་ མིང་རྟགས་བཀོད་ཐོག་ལས་བཏང་མི་ ཡི་གུ་ནང་བཀོད་ནུག།
ལྷན་ཚོགས་ཀྱིས་ བཟོ་གྲྭ་ལས་སྡེའི་ ཆོག་ཐམ་དེ་ཡང་ སྤྱི་ལོ་༢༠༡༧ ཟླ་༡༠ པའི་ཚེས་༡༠ ལུ་ བར་སྦིས་ས་ལུ་ ལག་ལེན་འཐབ་ནིའི་དོན་ལས་ བྱིན་པའི་ཤུལ་ལས་ ཆ་མེད་བཏངམ་ལས་ འཕྲུལ་ཁང་སྒོ་བསྡམས་དགོཔ་བྱུང་ནུག།
ཨིན་རུང་ བཟོ་གྲྭ་ཁང་གི་ཇོ་བདག་ གི་ཏ་རའི་གིས་ སླབ་མིའི་ནང་ ལྷན་ཚོགས་ལུ་ མོ་གི་ཆོག་ཐམ་དེ་ ཆ་མེད་གཏང་མ་གནང་ཟེར་ ཞུ་བ་འབད་ཡོད་རུང་ ངོས་ལེན་འབད་མ་བཏུབ་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ལྷན་ཚོགས་ལས་ ཉོགས་མེད་ཀྱི་ གནང་བ་ཡོདཔ་ལས་ ཚོང་འབྲེལ་ལག་ལེན་འཐབ་སྟེ་ སྡོད་ཅི་ཟེར་ཨིནམ་ད་ གལ་སྲིད་ ཐོན་སྐྱེད་དེ་ ཆུ་ཤོག་ཨིན་པ་ཅིན་ ག་ཅི་སྦེ་ འཕྲུལ་ཁང་བཙུགས་ནིའི་ གནང་བ་བྱིན་བྱིནམ་ཨིན་ན་ཟེར་བའི་ དྲི་བཀོད་འབདཝ་ཨིན་པས།
ལྷན་ཚོགས་ཀྱིས་ ཆུ་ཤོག་ལག་ལེན་ བཀག་དམ་འབད་མི་ལུ་ ངོས་ལེན་ཡོད་རུང་ ཉོགས་མེད་ལག་ཁྱེར་ མ་བྱིན་པའི་ཧེ་མར་ ཆུ་ཤོག་ལག་ལེན་འཐབ་ མ་ཆོག་པའི་སྐོར་ སྤྱི་ལོ་༡༩༩༩ ལས་ར་ཡོདཔ་སྦེ་ དྲན་གསོ་འབད་དགོ་ཟེར་ ཉམས་རྒུདཔ་གིས་ བཤད་པའི་ཁར་ བཟོ་གྲྭ་ལས་སྡེ་བཙུགས་ཏེ་ ད་ལྟོ་ གྲུབ་འབྲས་ཅིག་ཡང་ བཏོན་མ་ཚུགས་པར་ཡོད་ཟེར་ བཤདཔ་ཨིན་པས།
ཆོག་ཐམ་ཆ་མེད་བཏང་མི་ལུ་བརྟེན་ ལས་སྡེ་ལུ་ གྱོང་རྒུད་ཉིན་བསྟར་བཞིན་དུ་ དངུལ་ཀྲམ་༧,༠༠༠ རེ་ ཕོགཔ་མ་ཚད་ དངུལ་ཁང་ཚུ་ནང་ སྐྱིན་ཚབ་དངུལ་ཀྲམ་ས་ཡ་༡༠.༡ དེ་ཅིག་ བཏབ་ནི་དང་ ལས་མི་ཚུ་ལུ་ དངུལ་ཕོགས་སྤྲོད་དགོཔ་ཡོད་ཟེར་ གི་ཏ་རའི་གིས་ བཤདཔ་ཨིན་པས།
ལས་སྡེ་གིས་ བཀོག་བཏུབ་པའི་ བཙུགས་ཕད་བེག་༣༠,༠༠༠ ཐོན་སྐྱེད་འབད་ཐོག་ལས་ སློབ་གྲྭ་དང་ ཁྲོམ་ཚུ་ནང་ བཀྲམ་སྤེལ་འབད་བའི་ཁར་ ཉིན་བསྟར་བཞིན་དུ་ ཆུ་ཤོག་མིན་པའི་ བཙུགས་ཧོད་བེག་ ཊཱོན་༡ དེ་རེ་ ཐོན་སྐྱེད་འབད་ནི་ ཡོད་ཟེར་ཨིན་པས།
གི་ཏ་རའི་གིས་ འབྲེལ་ཡོད་ལས་སྡེ་དང་ ལྷན་ཚོགས་ལུ་ ཞུ་གཏུགས་འབད་ཡོད་རུང་ གྲུབ་འབྲས་བྱུང་མ་ཚུགས་ཟེར་ བཤད་པའི་ཁར་ ཆུ་ཤོག་བཀག་དམ་དེ་ཡང་ ཚུལ་ལྡན་སྦེ་ འགྱོ་མ་ཚུགས་པར་ ཡོདཔ་མ་ཚད་ ཆོག་ཐམ་དེ་ མ་བྱིན་པའི་ཧེ་མར་ ལྷན་ཚོགས་ཀྱིས་འབད་རུང་ ཞིབ་འཚོལ་ལེགས་ཤོམ་འབད་དགོ་ཟེར་ བཤདཔ་ཨིན་པས།
མོ་གིས་འབད་བ་ཅིན་ ལྷན་ཚོགས་ཀྱི་ བྱ་སྤྱོད་ལུ་བརྟེན་ ང་བཅས་ལུ་ གྱོང་རྒུད་སྦོམ་སྦེ་ར་ ཕོག་ཏེ་ཡོད་པའི་ཁར་ མོ་རའི་ཐོན་སྐྱེད་བཟུམ་མའི་ བཙུགས་ཧོད་ཚུ་ ད་རེས་ནངས་པར་ རྒྱ་ཆེ་དྲགས་སྦེ་ར་ ལག་ལེན་འཐབ་བཞིན་དུ་ འདུག་ཟེར་ཨིན་པས།
ད་རེས་ ལཱ་འབད་མ་ཚུགས་མི་དེ་གིས་ དངུལ་ཁང་ལུ་ སྐྱིན་ཚབ་བཏབ་ནིའི་ དུས་ཡུན་ཕར་འགྱངས་དང་ མཚམས་འཇོག་འབད་དགོ་པའི་ ཞུ་བ་འབད་དེ་ཡོདཔ་ཟེར་ གི་ཏ་རའི་གིས་ བཤད་ཡོདཔ་ད་ ལས་སྡེ་དེ་ སྒེར་སྡེ་སྐྱིན་འགྲུལ་ཁེ་ཕན་ཐོབ་མི་ཅིག་ཨིན་པས།
རྒྱལ་ཁབ་ནང་ ཆུ་ཤོག་ལག་ལེན་བཀག་དམ་ འབད་བའི་ཤུལ་ལས་ མོ་རའི་ཐོན་སྐྱེད་དེ་ལུ་བརྟེན་ ཚབ་འབད་ཚུགས་ནི་མས་ཟེར་ མ་རྩ་བཙུགས་པའི་ཁར་ ལྷན་ཚོགས་ཀྱི་ ཁ་ཐུག་ལས་འབད་རུང་ ངོས་ལེན་འབད་ཡི་ཟེར་ བཤད་པའི་ཁར་ ཐོན་སྐྱེད་ཀྱི་ འཕྲུལ་ཆས་དེ་ལུ་ གདམ་ཁ་སོ་སོ་བཟོ་ནི་ལུ་ དཔའ་བཅམ་རུང་ འཕྲུལ་ཆས་དེ་ དམིགས་བསལ་དུ་ བཙུགས་ཧོད་བཟོ་ནིའི་དོན་ལུ་ཨིནམ་ལས་ འབད་ཐབས་གཞན་མ་མཐོང་ཟེར་ བཤདཔ་ཨིན་པས།
བཟོ་གྲྭ་ཁང་དེ་ ལྷན་ཚོགས་ལས་ གནང་བ་མེད་པར་ ས་གནས་གཞན་ཁར་ སྤོ་བཤུད་འབད་མིའི་ གནད་ལས་ཡང་ སྒོ་བསྡམས་དགོཔ་ བྱུང་མི་ལུ་ གི་ཏ་རའི་གིས་ ངོས་ལེན་འབད་ཡོདཔ་བཞིན་དུ་ ལོ་༢ ཀྱི་རིང་ལུ་ ཚོང་འབྲེལ་འགོ་བཙུགས་ལྟེ་བའི་ནང་ ལག་ལེན་འཐབ་ཡོདཔ་ད་ ཧེ་མའི་ ས་གོ་འབད་བ་ཅིན་ བར་པའི་ས་ལུ་ སྡོད་ཡོདཔ་ཨིན་པས།
ལྷན་ཚོགས་ཀྱི་ མཐར་འཁོར་གནས་སྟངས་འགོ་དཔོན་ཅིག་གིས་ སླབ་མིའི་ནང་ དུས་ཅི་ སྤྱི་ཟླ་༤ པའི་ཚེས་༡ ལས་ ཆུ་ཤོག་ལག་ལེན་ འཐབ་མ་ཆོག་པའི་ ལམ་ལུགས་དེ་ ལོ་བསྟར་སྤྱོད་འབད་ནི་ འགོ་བཙུགས་མི་ལུ་བརྟེན་ བཀག་ཆ་འབད་དགོཔ་བྱུང་ཡི་ཟེར་ཨིནམ་ད་ ཆུ་ཤོག་མིན་པའི་ བཙུགས་ཧོད་བེཊ་དེ་ རུལ་མ་བཏུབ་པའི་ བེཊ་ཅིག་ཨིན་མས་ཟེར་ཨིན་པས།
ཆུ་ཤོག་མིན་པའི་ བཙུགས་ཧོད་དེ་ ཆུ་ཤོག་དང་གཅིག་ཁར་ ཨེབ་ཞིནམ་ལས་ བཟོ་ནི་དེ་གིས་ དེ་ནང་ རྫས་སྦྱོར་ཡོདཔ་ལས་ རང་བཞིན་གནས་སྟངས་ལུ་ ཧེང་སྐལ་གནོད་གཉེན་འདུག་ཟེར་ འགོ་དཔོན་དེ་གིས་ བཤད་པའི་ཁར་ བཙུགས་ཧོད་དེ་ནང་ ཆུ་ཤོག་ཡོདཔ་ལས་ ཐོན་སྐྱེད་འབད་མ་ཆོག་པའི་ བརྡ་བསྐུལ་འབད་ཡོད་རུང་ ལེགས་ཤོམ་སྦེ་ ལྟ་རྟོག་འབད་མ་ཚུགས་ཟེར་ བཤདཔ་ཨིན་པས།
ད་རེས་ ཆུ་ཤོག་བཀག་དམ་ལམ་ལུགས་དེ་ ཚུལ་ལྡན་སྦེ་ ལག་ལེན་འཐབ་མ་ཚུགས་རུང་ འགྲོས་ཀྱིས་སྦེ་ བསྟར་སྤྱོད་ཐོག་ ངོས་ལེན་འབད་མ་བཏུབ་མི་ཚུ་ལུ་ ཉེས་བྱ་ཚུ་ བཀལ་འོང་ཟེར་ཨིནམ་ད་ མི་མང་ཤོས་ཅིག་ལས་ ཆུ་ཤོག་མིན་པའི་ བཙུགས་ཧོད་དང་ རུལ་བཏུབ་པའི་བེག་ཚུ་ ནང་འདྲེན་འཐབ་ནི་སྦེ་ གྲོས་འཆར་ལྷོད་ཅི་ཟེར་ འགོ་དཔོན་གྱིས་ བཤདཔ་ཨིན་པས།
ཨིན་རུང་ ཆུ་ཤོག་མིན་པའི་ བཙུགས་ཧོད་ཚུ་ རྒྱལ་ཁབ་ནང་ ཧེ་མ་ལས་ར་ ལྷོད་དེ་ཡོདཔ་ལས་ ཆུ་ཤོག་བཟུམ་ མི་མཐོང་དོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༧ ལུ་ མི་མང་ཤོས་ཅིག་ལུ་ ཚོང་འབྲེལ་བཙུགས་ནི་གི་ སེམས་ཤུགས་བསྐྱེད་བཅུད་པའི་སྐབས་ བཟོ་གྲྭ་ལས་སྡེ་དེ་གིས་ ཆུ་ཤོག་མིན་པའི་ བཙུགས་ཧོད་ཐོན་སྐྱེད་འབད་ནིའི་དོན་ལུ་ གྲོས་འཆར་བཙུགས་ཡོདཔ་བཞིན་དུ་ ལྷན་ཚོགས་ཀྱིས་ ཆོག་ཐམ་བྱིན་ནུག་ཟེར་ ལྷན་ཚོགས་ཀྱི་ འགོ་དཔོན་གྱིས་ བཤདཔ་ཨིན་པས།
གི་ཏ་རའི་དང་ མོ་རའི་རྨགཔ་གིས་ ཤོག་གུའི་བཙུགས་ཧོད་དང་ བེག་བཙེམས་མི་ཚུ་ བཟོ་མ་བཅུག་ནི་དེ་གིས་ སྐྱིན་ཚབ་བཏབ་མ་ཚུགས་པའི་ གདོང་ལེན་བྱུང་སྟེ་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *