༉ རྒྱལ་ཡོངས་དུས་ཆེན་ཐེངས་༡༡༥ པ་ བརྩི་སྲུང་ཞུ་ནིའི་དོན་ལུ་ འབྲུག་མི་སེར་རྒྱུན་ནོར་གཞི་བཟུང་གསར་བཏོད་དང་ འཕྲུལ་རིག་ལས་ཁུངས་ཀྱིས་ ཁ་ཙ་ལས་ ཐིམ་ཕུག་ གསར་སྦིས་ཐང་ བརྡ་དོན་འཕྲུལ་རིག་གླིང་ག་ནང་ འཕྲུལ་རིག་དང་ གསར་བཏོད་ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་ འགོ་བཙུགས་ཡོདཔ་ཨིན་པས།
དཔལ་འབྱོར་ཡར་དྲག་གཏང་ནི་ལུ་ འཕྲུལ་རིག་ལག་ལེན་དང་ སྤྱིར་བཏང་མི་སྡེའི་ཁེ་ཕན་ལུ་ གཙོ་རིམ་བཟུང་སྟེ་ ལས་རིམ་དེ་ཡང་ ལྷབ་སྦྱང་དང་ འབྲེལ་འཐབ་ རྣམ་གཞག་གསར་འཚོལ་ དེ་ལས་ འཕྲུལ་རིག་གིས་ འབྲུག་པའི་དཔལ་འབྱོར་གཞི་སྒྱུར་ལུ་དམིགས་ཏེ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
ལས་རིམ་དེ་ལུ་ རྒྱལ་ཡོངས་ཚོང་འབྲེལ་གཞི་བཙུགས་གདོང་ལེན་དང་ འཕྲུལ་རིག་ཕན་ཚུན་འབྲེལ་བའི་འགྲེམས་སྟོན་ དེ་ལས་ འཕྲུལ་རིག་གསུང་གྲོས་བརྩིས་ཏེ་ ཆ་ཤས་ལས་རིམ་གཙོ་ཅན་༣ ཡོདཔ་ཨིན་པས།
ལས་རིམ་དེ་ མི་མང་ལུ་ ཉིན་གྲངས་༥ རིང་ སྒོ་ཕྱེས་བཞག་ནི་ཨིནམ་ད་ འབྲུག་མི་སེར་རྒྱུན་ནོར་གཞི་བཟུང་གསར་བཏོད་ཀྱིས་ དྲོ་པའི་ཆུ་ཚོད་༥ ལས་ ཕྱི་རུའི་ཆུ་ཚོད་༥ ཚུན་ ཐིམ་ཕུག་ལས་ བརྡ་དོན་གླིང་ག་ཚུན་ ལྕང་གླིང་མི་ཐང་ལས་ མི་མང་སྐྱེལ་འདྲེན་བཱསི་གི་ཞབས་ཏོག་ཚུ་ རིན་མེད་སྟོང་པ་ར་ བྱིན་ནི་ཨིན་པས།
ལས་རིམ་ནང་ བཞེས་སྒོའི་སྟེགས་ཚོང་དང་ སྙན་ཆའི་ལས་རིམ་ གློག་བརྙན་སྟོན་ནི་ དེ་ལས་ འབྲེལ་མཐུད་ལས་ཚུ་ཡོད་པའི་ཁར་ འཇིགས་མེད་རྣམ་རྒྱལ་དབང་ཕྱུག་སུ་པཱར་ཕེབ་ལེབ་ནང་ ལྟ་སྐོར་འབད་ནི་ལ་སོགས་པ་ཚུ་ ཡོདཔ་ཨིན་པས།
དང་འདོད་ཅན་ཚུ་གིས་ འཕྲུལ་རིག་ལས་ཁུངས་དང་གཅིག་ཁར་ འབྲེལ་འཐབ་སྟེ་ རང་སོའི་ཐོན་སྐྱེད་ཚུ་ མི་སྡེ་བརྡ་བརྒྱུད་ཚུ་ནང་ གསལ་སྟོན་འབད་ཚུགས་ནི་ཨིན་པས།
ཐིམ་ཕུག་བརྡ་དོན་འཕྲུལ་རིག་གླིང་གའི་ས་ཁོངས་ནང་ འདི་བཟུམ་མའི་ འཕྲུལ་རིག་དང་ གསར་བཏོད་འགྲེམས་སྟོན་ལས་རིམ་ འགོ་འདྲེན་འཐབ་མི་དེ་ སྤྱི་ཟླ་༡༢ པའི་ཚེས་༩ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།