༉ རྒྱལ་ཁབ་མཐའ་དབུས་མེད་པའི་ གཞི་རྩ་དེ་ མ་འོངས་བུ་བརྒྱུད་ཚུ་ལུ་ ཤེས་རིག་ཡོན་ཏན་ བྱིན་ནི་འདི་ཨིནམ་ལས་ ག་ར་གིས་ འདི་ལུ་ར་ གཙོ་རིམ་བཟུང་སྟེ་ སྡོད་སར་མཐོངམ་མས།
དེ་ཡང་ མ་འོངས་རྒྱལ་ཁབ་ཀྱི་ ཕྱག་ཕྱིད་ཞུ་དགོ་པ་ཅིན་ ཤེས་ཡོན་འདི་ མེད་ཐབས་མེད་པའི་ ནོར་བུ་བཟུམ་ཅིག་ཨིནམ་ལས་ བརྩི་མཐོང་བསྐྱེད་དགོ་པའི་ བཅུད་དོན་སྦོམ་ར་འདུག།
སྤྱིར་བཏང་རྒྱལ་ཁབ་ནང་འཁོད་ལུ་ ན་གཞོན་སློབ་ཕྲུག་ འབུམ་ལྷག་སྟེ་ཡོད་མི་ཚུ་ལུ་ ད་ལྟོའི་གནས་སྟངས་ནང་ བཟུམ་ཅིག་འབད་བ་ཅིན་ སློབ་སྦྱོང་འབད་ནི་འདི་ ག་ནི་བ་ གལ་ཆེཝ་སྦེ་ ཚོར་བའི་ཁར་ ལྷག་པར་དུ་ཡང་ ལྟེ་བའི་ནང་ཡོད་པའི་ ན་གཞོན་ཚུ་ ཁག་ཆེ་ཤོས་ཅིག་ལུ་གྱུར་ཡོདཔ་ཨིན།
ལོ་གཅིག་གི་ནང་འཁོད་ལུ་ སློབ་སྦྱོང་འབད་ནིའི་དུས་ཡུན་ ཟླཝ་༩ དེ་ཅིག་ལས་བརྒལ་ མེད་པའི་ཁར་ དེ་གི་ནང་དོན་ཉིད་ལས་ཡང་ སྟོན་ཚན་ཚུ་ ལོ་བསྟར་གྱི་ རེའུ་མིག་ཟུར་བཀོད་འབད་མི་དང་འཁྲིལ་ སློབ་སྟོན་འབད་དགོཔ་ཡོདཔ་ལས་ དུས་ཚོད་དེ་ ག་ནི་བ་ གནད་འགག་ཅན་ཅིག་སྦེ་འདུག།
ཨིན་རུང་ ད་ལྟོའི་ སྲིད་བྱུས་ལྟར་དུ་འབད་བ་ཅིན་ སློབ་ཕྲུག་ཚུ་ ངལ་གསོ་བཏང་ཐོག་ལས་ སློབ་དཔོན་ཚུ་ མི་རློབས་གྲངས་རྩིས་ཀྱི་དོན་ལུ་ སྦྱོང་བརྡར་དང་འབྲེལ་ ལཱ་འབད་བར་བཏངམ་ད་ དེ་གིས་ སྤྱིར་བཏང་རྒྱལ་ཁབ་ལུ་ ཕན་ཐོགས་འབྱུང་ནི་ཨིན་རུང་ སློབ་ཕྲུག་ཚུ་ལུ་ སློབ་སྦྱོང་གི་ སྟོན་ཚན་དང་འཁྲིལ་ ལེགས་ལྡན་འབྱུང་མ་ཚུགས་པའི་ འཐུས་ཤོར་ཡང་ འབྱུང་སྲིད་ནི་དང་ སློབ་ཕྲུག་ཚུ་ གནམ་བྱཱར་གྱི་ ཆོས་རྒྱུགས་ཡང་ སྤྱི་ཟླ་༦ པའི་ནང་ འགོ་འདྲེན་འཐབ་ནི་ཨིན་མས།
སློབ་དཔོན་ཚུ་གིས་ དུས་ཚོད་ཐུང་ཀུ་ཅིག་ཡང་ འཕྲོ་བརླག་མ་བཏང་པར་ སློབ་སྟོན་འབད་རུང་ འཕྲལ་འཕྲལ་སྐབས་ ལོ་བསྟར་གྱི་ ཆོས་རྒྱུགས་རན་པའི་བསྒང་ལས་ སྟོན་ཚན་ཚུ་ མཇུག་བསྡུ་མ་ཚུགས་པར་ དུས་ཐེབས་ལེན་ཐོག་ལས་ སློབ་ཕྲུག་ཚུ་ལུ་ སློབ་སྟོན་འབད་དེ་ མིང་ཙམ་ཅིག་གི་ ལོ་འཁོར་སྟོན་ཚན་ མཇུག་བསྡུ་མི་ལུ་བལྟ་བ་ཅིན་ ད་ལྟོའི་ གནས་སྟངས་ནང་ སློབ་དཔོན་ཚུ་ གྲངས་རྩིས་ཀྱི་དོན་ལུ་ གཏང་ནི་དེ་ ཤེས་རིག་གི་བརྩི་མཐོང་ལུ་ རྒྱབ་འགལ་འགྱོ་དོ་བཟུམ་ཅིག་འདུག།
ཉིན་གྲངས་བཅུ་གཉིས་ཀྱི་ ནང་འཁོད་ལུ་ སྟོན་ཚན་༩༤ དེ་ཅིག་ ལུས་ནི་ཨིནམ་ལས་ ཤུལ་ལས་ སློབ་སྟོན་མཇུག་བསྡུ་མ་ཚུགས་པ་ཅིན་ དེ་འཕྲོ་ལས་ དུས་ཐེབས་ལེན་ཏེ་ སློབ་སྦྱོང་འབདཝ་ད་ སློབ་ཕྲུག་ཨ་ལོ་ཚུ་ལུ་ སྦྱང་བ་འབད་ནིའི་དུས་ཚོད་ འཐོབ་མ་ཚུགས་པར་ ཧ་ལམ་ ཆུ་ཚོད་ཕྱེད་དང་བཅུ་ཐམ་དེ་ཅིག་གི་རིང་ སློབ་ཁང་ནང་ སློབ་སྟོན་ཐོག་ལུ་ བཞག་དགོཔ་འབྱུང་འོང་།
མ་གཞི་ རྒྱལ་ཁབ་ལུ་ ཕྱག་ཕྱིད་ཞུ་ནི་དེ་ འབྲུག་པའི་མི་སེར་ཚུ་ལུ་ ཕོག་པའི་འགན་ཁུར་ངོ་མ་ཅིག་འབད་རུང་ ག་ནི་བ་ གལ་ཆེ་བའི་ སློབ་སྟོན་གྱི་ དུས་ཚོད་སྐབས་ལུ་ སློབ་དཔོན་ཚུ་ དེ་སྦེ་བཏང་མི་དེ་ ཐུགས་བཞེད་སྦོམ་ར་ གནང་དགོཔ་འདུག།
གནམ་དགུན་ངལ་གསོའི་སྐབས་ལུ་ འབད་བ་ཅིན་ སློབ་དཔོན་ཚུ་གིས་ ཕྱག་ཞུ་རུང་ རྒྱལ་ཁབ་ལུ་ ཕན་པ་མ་གཏོགས་ གནོད་པ་མི་འབྱུང་ནི་ཨིན་རུང་ གནམ་བྱཱར་གྱི་སྐབས་ལུ་ སློབ་དཔོན་ཚུ་ ལག་ལེན་འཐབ་ནི་དེ་ འོས་ལྡན་ཅིག་མིན་འདུག།
གྲངས་རྩིས་ཀྱི་དོན་ལུ་ ཞབས་ཏོག་ཞུ་མི་ སློབ་དཔོན་མེན་པའི་ ཞི་གཡོགཔ་དང་ ན་གཞོན་ལཱ་གཡོག་མེད་མི་ཚུ་ གནས་སྐབས་ཀྱི་དོན་ལུ་ སྦྱོང་བརྡར་བྱིན་ཐོག་ལས་ བཙུགས་པ་ཅིན་ དེ་གིས་ ཕན་ཐོགས་འབྱུང་ཚུགས་ནི་ཨིནམ་ལས་ ལཱ་དང་བྱ་བ་ཚུ་ ག་ཅི་ར་འབད་རུང་ བརྟག་ཤིང་དཔྱད་དེ་ འབད་དགོཔ་འདུག་ཟེར་ ཞུ་ནི་ཨིན།
Check Also
རྒྱལ་ཡོངས་ལུ་ གདམ་ཁ་རྐྱབ་དགོཔ།
༉ ད་འབདན་ ན་འཐན་ར་སྦོ་ལོགས་ཁར་ ལྷོད་དོ་ཡོད་མི་ འབྲུག་གི་སྤྱི་མཐུན་གྱི་གྲུབ་འབྲས་ འཐོན་ནི་དེ་ ཧ་ལམ་རན་དོ་ཡོདཔ་ལས་ ག་ར་གིས་ སེམས་ཁར་ཚ་གྱང་འབག་དོ་ཡོདཔ་འོང་། རྒྱལ་ཁབ་ནང་ དབང་ཚད་ཕྱིར་སྤེལ་གྱི་ ལམ་ལུགས་འགོ་བཙུགས་ཏེ་ ལོ་ངོ་བཅུ་ཕྲག་ལྷག་པའི་བསྒང་ལས་ དམངས་གཙོའི་རིང་ལུགས་ནང་ ལཱ་ཚུ་ག་དེ་སྦེ་ར་ …