རྒྱལ་ཡོངས་གྱོན་ཆས་ཀྱི་ བྱ་སྒོའི་ལམ་ལུགས་ བཟོ་ནི་གི་ འོས་འབབ་ཡོདཔ་ཨིན་ན?

༉ ད་རེས་ནངས་པར་ གཞལམ་སྒང་རྫོང་ཁག་གིས་ དྲོ་པའི་ཆུ་ཚོད་༩ ལས་ ཕྱི་རུའི་ཆུ་ཚོད་༥ ཚུན་ གཞུང་གི་ཡིག་ཚང་ནང་ དངུལ་འབྲེལ་ལས་ཁང་ཚུ་ནང་འགྱོཝ་ད་ རྒྱལ་ཡོངས་གྱོན་ཆས་ གོ་དང་དཀྱི་ར་ ངེས་པར་དུ་ གྱོན་དགོ་པའི་ རྫོང་ཁག་ཚོགས་འདུའི་ གྲོས་ཆོད་དེ་ ལག་ལེན་འཐབ་ནི་ འགོ་བཙུགས་ནུག།

དེ་ཡང་ སྤྱི་ཟླ་༥ པའི་ཚེས་༣ ལུ་ གཞལམ་སྒང་རྫོང་ཁག་ཚོགས་འདུ་དང་ བདག་སྐྱོང་གིས་ རྫོང་ཁག་གི་ ལུང་ཕྱོགས་འགོ་འཛིན་ཚུ་ལུ་ གཞུང་གི་ཡིག་ཚང་དང་ དངུལ་འབྲེལ་ལས་ཁང་ཚུ་ནང་ འོང་མི་ཚུ་ རྒྱལ་ཡོངས་གྱོན་ཆས་ཐོག་ལས་ འོང་དགོ་པའི་ གསལ་བསྒྲགས་འབད་དགོ་པའི་ ཡིག་ཚང་བཀའ་རྒྱ་བཏོན་ནུག།

ཡིག་ཚང་བཀའ་རྒྱ་དང་འཁྲིལཝ་ད་ མི་ཚུ་ རྫོང་ཁག་བདག་སྐྱོང་དང་ རྒེད་འོག་བདག་སྐྱོང་ཡིག་ཚང་རྐྱངམ་གཅིག་ནང་མེན་པར་ ལས་འཛིན་དང་ དངུལ་འབྲེལ་ཡིག་ཚང་ཚུ་ནང་ འགྱོ་བའི་སྐབས་ལུ་ཡང་ རྒྱལ་ཡོངས་གྱོན་ཆས་ཐོག་ལས་ སྒྲིག་ལམ་རྣམ་གཞག་དང་ ལྡན་ཏོག་ཏོ་སྦེ་ འོང་དགོ་ཟེར་ཨིན་མས།

དྲོ་པའི་ཆུ་ཚོད་༩ ལས་ ཕྱི་རུའི་ཆུ་ཚོད་༥ ཚུན་ རང་ལུགས་ཀྱི་ གྱོན་ཆས་ལག་ལེན་འཐབ་དགོ་པའི་ གྲོས་ཆོད་དེ་ རྫོང་ཁག་ཚོགས་འདུ་ཐེངས་༣ པའི་ནང་ བཏོན་ཡོདཔ་ད་ འདི་བཟུམ་མའི་ ལམ་ལུགས་བཟོ་མི་དེ་ རྒྱལ་ཡོངས་ཀྱི་ ངོ་རྟགས་དང་ ལམ་སྲོལ་ གོམས་གཤིས་ཚུ་ ཉེན་སྐྱོབ་དང་ ཉམས་སྲུང་འབད་ཐབས་ལུ་ཨིནམ་ལས་ དམིགས་ཡུལ་ལེགས་ཤོམ་ཅིག་ཨིན་མས།

འདི་འབདཝ་ད་ རྒྱལ་ཡོངས་གྱོན་ཆས་ ངེས་པར་དུ་ གྱོན་དགོ་པའི་ གྲོས་ཐག་བཅད་པའི་ཤུལ་ལུ་ སྤྱིར་བཏང་མི་མང་གིས་ མི་སྡེ་བརྡ་བརྒྱུད་ནང་ བསམ་འཆར་འདྲ་མིན་སྣ་ཚོགས་བཀོད་མི་དེ་ཡང་ རང་ལུགས་གྱོན་ཆས་ཚུ་གི་ཐད་ལུ་ལྷོདཔ་ད་ ག་ཏེ་ལུ་ གྱོན་དགོཔ་དང་ གྱོན་མ་དགོཔ་ཨིན་ནའི་སྐོར་ ན་གཞོན་དང་ ན་ལོན་ཚུ་ལུ་ ཤེས་ཚོར་ཡོད་མི་ལུ་བརྟེན་ཨིན་མས།

དཔེར་ན་ དུས་བཟང་དང་ དུས་ཆེན་ཁྱད་པར་ཅན་ཚུ་ནང་ ལྷ་ཁང་དགོན་སྡེ་དང་ རྫོང་གཞིས་ཚུ་ནང་ ཕྱག་འཚལ་སྙན་དར་ཕུལ་བར་ འགྱོ་བའི་སྐབས་ ན་ལོན་ཚུ་གིས་མ་དོ་བར་ ཐ་ན་ ཨ་ལོ་དང་ ན་གཞོན་བུཚ་དང་ བུམོ་ཚུ་གིས་ གོ་དང་དཀྱི་ར་ཐོག་ལུ་ འགྱོ་སར་ མཐོང་མི་དེ་ ཕམ་དང་གཞན་ཚུ་གིས་ རྒྱུད་བསྐུལ་འབད་མི་ལུ་བརྟེན་མེན་པར་ ཁོང་ར་གིས་ རྒྱལ་ཡོངས་གྱོན་ཆས་གྱོན་ཏེ་འགྱོ་དགོཔ་ ཧ་གོ་ནི་དེ་གིས་ཨིནམ་ལས་ ཁྲིམས་ལུགས་ལོགས་སུ་དགོཔ་ཅིག་ མི་མཐོངམ་མས།

མ་གཞི་ རྫོང་ཁག་ཚོགས་འདུ་འདི་ རྫོང་ཁག་ནང་གི་ གྲོས་ཐག་འགྲུབ་ནི་གི་ འདུས་ཚོགས་མཐོ་ཤོས་ཨིནམ་མ་ཚད་ ས་གནས་གཞུང་གི་ བཅའ་ཁྲིམས་དང་འཁྲིལ་རུང་ ས་གནས་གཞུང་ གཞི་བཙུགས་འབད་དགོ་མི་དེ་ དབང་ཚད་དང་ དབང་ཚད་ཕྱིར་སྤེལ་གྱི་སྒོ་ལས་ མི་སེར་གྱིས་ རང་སོའི་མི་སྡེ་དང་ དཔལ་འབྱོར་ མཐའ་འཁོར་གྱི་ བདེ་འབྱོར་གོང་འཕེལ་དང་ འཛིན་སྐྱོང་ནང་ ཐད་ཀར་གྲལ་གཏོགས་ཀྱི་ ཕན་གྲོགས་དོན་ལུ་ཨིན་རུང་ རྒྱལ་ཡོངས་གྱོན་ཆས་ལུ་མེན་པར་ གཙོ་རིམ་བཟུང་དགོཔ་ གཞན་ལེ་ཤ་འདུག།

ད་རེས་ནངས་པར་ གཞལམ་སྒང་དེ་ རྒྱལ་ཁབ་ནང་ དབུལ་ཕོངས་ཀྱི་ དཀའ་ངལ་སྦོམ་ཡོད་མི་ རྫོང་ཁག་༢ པ་ཨིནམ་ལས་ རྫོང་ཁག་ཚོགས་འདུ་གིས་ དབུལ་ཕོངས་ཀྱི་ གནད་དོན་ཚུ་ ག་དེ་སྦེ་ སེལ་ཐབས་འབད་ནི་ཨིན་ན་ གྲོས་བསྡུར་འབད་ཞིནམ་ལས་ ཐབས་ཤེས་བཏོན་དགོཔ་དེ་ གལ་ཆེ་ནི་མས།

འདི་འབདཝ་ལས་ ས་གནས་གཞུང་གིས་ ཕན་རླབས་མེད་པའི་གནད་དོན་ རྒྱལ་ཡོངས་གྱོན་ཆས་ ལ་སོགས་པ་ཚུ་ལུ་ གཙོ་བོར་མ་བཏོན་པར་ གཡུས་སྒོ་ཚུ་ནང་ གཞི་རྟེན་མཐུན་རྐྱེན་དང་ འཐུང་ཆུ་ ཞིང་ཆུ་ གློག་མེ་བཀྲམ་སྤེལ་ལ་ཚོགས་པ་ཚུ་གི་ ཐོབ་སྤྱོད་ཡར་དྲག་གཏང་ནི་ལུ་ གཙོ་རིམ་བཟུང་དགོཔ་བཞིན་དུ་ རྒྱལ་ཡོངས་གྱོན་ཆས་ ལག་ལེན་གྱི་འཐད་ལུ་ ཁྲིམས་ལུགས་བཟོ་དགོ་པའི་ འོས་འབབ་ཅིག་ མི་མཐོངམ་མས།།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *