ནདཔ་ཅིག་ ནང་ཁྲོལ་བརྟག་དཔྱད་ཀྱི་དོན་ལུ་ ཨེམ་ཨར་ཨའི་འཕྲུལ་ཆས་ནང་ བཙུགས་པའི་བསྒང་།

རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ནད་བརྟག་འཕྲུལ་ཆས་ཨེམ་ཨར་ཨའི་ ལག་ལེན་བསྐྱར་འཛུགས།

༉ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ནད་བརྟག་འཕྲུལ་ཆས་ཨེམ་ཨར་ཨའི་དེ་ ལག་ལེན་བཀག་འཛིན་འབད་དེ་ ཟླཝ་༡༡ གི་ཤུལ་ལུ་ སྤྱི་ཟླ་༨ པའི་ཚེས་༡༩ ལས་ ལག་ལེན་ལོག་འགོ་བཙུགས་ནུག།
དེ་ཡང་ ནང་ཁྲོལ་ནད་བརྟག་འཕྲུལ་ཆས་ ལག་ལེན་འགོ་བཙུགསཔ་དང་འབྲེལ་ ཉིནམ་དེ་ནང་ དྲོ་པ་ཆུ་ཚོད་༨ ལས་ ཕྱི་རུ་ཆུ་ཚོད་༦ ཚུན་ ནདཔ་༨ ལུ་ ཞབས་ཏོག་སྤྲོད་ཡོདཔ་ཨིན་པས།
གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་ ལེགས་བསྒྱུར་འབད་མི་ ནད་བརྟག་འཕྲུལ་ཆས་ འགོ་འབྱེད་སྐབས་ འཕྲུལ་ཆས་མེད་རུང་ ནདཔ་ཚབས་ཆེན་ཚུ་ དེ་འཕྲོ་ལས་ གཞུང་གིས་ ཟད་འགྲོ་བཏང་སྟེ་ སྨན་བཅོས་འབད་བར་ རྒྱལ་ཁབ་གཞན་ཚུ་ནང་ བཏང་ཡི་ཟེར་བཤད་ཅི།
འདས་པའི་ཟླཝ་༡༡ གི་རིང་ ནདཔ་ཚབས་ཆེན་༧༤ རྒྱ་གར་གྱི་ཁྲོམ་སྡེ་ སི་ལི་གུ་རི་སྨན་ཁང་ནང་ སྨན་བཅོས་འབད་བར་བཏངམ་ད་ རྒྱལ་ཁམས་ལུ་ དངུལ་ཀྲམ་༧༠༠,༠༠༠ དེ་ཅིག་ ཟད་འགྲོ་གནས་ཡོདཔ་ད་ འཕྲུལ་ཆས་མེད་པའི་སྐབས་ སྤྱི་ཟླ་༨ པའི་ཚེས་༡༨ ཚུན་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ནད་བརྟག་འཕྲུལ་ཆས་ ཨེམ་ཨར་ཨའི་གི་ ཞབས་ཏོག་སྤྱོད་ཐབས་ལུ་ ཐོ་བཀོད་འབད་དེ་ སྒུག་སྡོད་མི་ ནདཔ་༦༧༠ ཡོདཔ་ཨིན་པས།
འཕྲུལ་ཆས་ལག་ལེན་སྨན་བཅོས་འགོ་དཔོན་ པར་བྷ་ཀ་ཊེལ་གྱིས་ སླབ་མིའི་ནང་ ཨེམ་ཨར་ཨའི་འཕྲུལ་ཆས་ཀྱི་ ལོ་བསྟར་བཞིན་དུ་ ནདཔ་༢,༠༠༠ ལྷགཔ་ཅིག་ལུ་ ཞབས་ཏོག་བྱིན་ཡོདཔ་བཞིན་དུ་ ནདཔ་ཚུ་ཡང་ གསོ་བའི་སྨན་བཅོས་མཁས་མཆོག་ཚུ་གིས་ ཞབས་ཏོག་སྤྱོད་དགོཔ་སྦེ་ སྨན་ཡིག་འབྲི་མི་དང་ བཀོད་རྒྱ་དང་འཁྲིལ་འོང་མི་ཚུ་ཨིན་ཟེར་ཨིན་པས།
འཕྲུལ་ཆས་ལག་ལེན་འཐབ་མི་ མཁས་མཆོག་ཚུ་གིས་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བདུན་ཕྲག་༡ གི་རིང་ལུ་ འཕྲུལ་རིག་དང་ སྨན་བཅོས་མཁས་མཆོག་ཚུ་ལུ་ སྤུས་ཚད་ཀྱི་ ཚད་གཞི་བཟོ་ཐངས་དང་ ནང་ཁྲོལ་གློག་པར་བཏབ་ཐངས་ཀྱི་ སྦྱོང་བརྡར་ཚུ་ བྱིན་ནི་ཨིན་པས།
སྤྱི་ལོ་༢༠༡༨ ཟླ་༡༠ པ་ལས་ སྨན་ཁང་གིས་ ཨེམ་ཨར་ཨའི་སྨན་བཅོས་ཀྱི་ཞབས་ཏོག་ མི་མང་ལུ་ མཁོ་སྤྲོད་འབད་མ་ཚུགས་མི་དེ་ཡང་ རྒྱལ་ཁབ་ནང་ ཨེམ་ཨར་ཨའི་འཕྲུལ་ཆས་༡ ལས་བརྒལ་མེདཔ་ལས་ འཕྲུལ་ཆས་ཀྱི་ སྤུས་ཚད་ཡར་དྲག་གཏང་ཐབས་ལུ་ ལོག་འཕྲུལ་ཁང་ནང་ བཏང་ཞིནམ་ལས་ བཟོ་དགོཔ་བྱུང་ནུག།
བློན་པོ་བདེ་ཆེན་དབང་མོ་གིས་ སླབ་མིའི་ནང་ གསོ་བའི་ལས་ཁང་ལུ་ འོང་འབབ་བཟོ་ནི་གི་ ས་གོ་མེདཔ་ལས་ འཕྲུལ་ཆས་ཨེམ་ཨར་ཨའི་གསརཔ་ མཁོ་སྒྲུབ་འབད་མི་ཚུགས་པས་ཟེར་ཨིནམ་ད་ གལ་སྲིད་ གསརཔ་མཁོ་སྒྲུབ་འབད་བ་ཅིན་ ཟད་འགྲོ་དངུལ་ཀྲས་ས་ཡ་༩༥ གནས་ནི་མས་ཟེར་ཨིན་པས།
གསོ་བའི་བློན་པོ་གིས་འབད་བ་ཅིན་ ལྷན་ཁག་ལུ་དགོ་པའི་ ཞབས་ཏོག་ལེ་ཤ་ཡོད་མི་དེ་ཡང་ མི་མང་གིས་ སྤུས་ཚད་དང་ལྡན་པའི་ ཞབས་ཏོག་གཅེས་སྐྱོང་དང་ འཕྲུལ་རིག་ལེགས་བཅོས་ དེ་ལས་ ད་ལྟོ་ཚུན་ཚོད་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལས་ འཆར་དངུལ་ལག་ལེན་འཐབ་ནིའི་ནང་ ཚད་སྙོམས་སྦེ་ གནས་ནུག་ཟེར་ཨིན་པས།
མི་སེར་ཚུ་གི་དོན་ལུ་ དགོས་མཁོ་དེ་ སྤུས་ཚད་ཅན་གྱི་ གསོ་བའི་ཞབས་ཏོག་ དགོཔ་ཨིན་རུང་ འཆར་དངུལ་དེ་ ཚད་གཅིག་ལས་བརྒལ་ འཐོབ་ནི་མེདཔ་ད་ གཞན་རྒྱལ་ཁབ་ཚུ་ནང་འབད་བ་ཅིན་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལས་ བརྒྱ་ཆ་༡༠ དེ་ཅིག་ གསོ་བའི་དོན་ལུ་ ཟད་འགྲོ་གཏང་ནི་ཡོད་རུང་ འབྲུག་གི་གསོ་བའི་དོན་ལུ་ བརྒྱ་ཆ་༣.༥ མ་གཏོགས་མེད་ཟེར་ གསོ་བ་བློན་པོ་གིས་བཤད་ཅི།
རྒྱལ་ཁབ་ཀྱི་ གསོ་བའི་ཞབས་ཏོག་ཚུ་ སྤུས་ཚད་ཅན་ དགོ་པ་ཅིན་ དགོས་མཁོ་དང་བསྟུན་ མཐུན་རྐྱེན་ཚུ་ ཡང་ གནང་དགོཔ་འདུག་ཟེར་ བློན་པོ་གིས་ བཤད་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *