རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྣང་མེད་ལུ་བརྟེན་ ནདཔ་ཤི་རྐྱེན་བྱུང་མི་ལུ་ ཞིབ་དཔྱད་རྐྱབ་ནི།

༉ སྤྱི་ཟླ་༥ པའི་ཚེས་༡༣ ལུ་ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ནདཔ་ཅིག་གི་ཕོཝ་ གཤག་བཅོས་འབད་བའི་ཤུལ་ལས་ ཤི་རྐྱེན་བྱུང་མི་དེ་ཡང་ གསོ་བའི་མཁས་མཆོག་ཚུ་གི་ སྣང་མེད་ལུ་བརྟེན་ཨིན་ཟེར་ ཚེ་འདས་ཀྱི་ ཉེ་ཚན་ཚུ་གིས་ སྨན་ཁང་གི་ གཙོ་འཛིན་ལུ་ ཉོགས་བཤད་ཡི་གུ་བཙུགས་ནུག།
དར་དཀར་ནང་ བཙན་མདའ་སྒང་རྒེད་འོག་ལས་ སྐྱེས་ལོ་༣༥ ལང་མི་ བ་ལི་མཱམ་ར་ན་དེ་ ལཱ་འབད་སའི་ ས་ཁོངས་ནང་ ཨེན་ཏ་ཅིག་གིས་ ཁོ་གི་ ཕོ་ཅུམ་གུ་ཕོག་སྟེ་ རྨ་སྐྱོན་བྱུང་ཡོདཔ་ད་ ཚེ་འདས་དེ་ སྤ་རོ་ལུ་ ཤིང་བཟོ་བོ་སྦེ་ ལཱ་འབད་བའི་སྐབས་ རྐྱེན་ངན་བྱུང་ཡོདཔ་ཨིན་པས།
སྤ་རོ་སྨན་ཁང་གིས་ ནདཔ་དེ་ སྤྱི་ཟླ་༥ པའི་ཚེས་༡༢ ལུ་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བཏང་ཡོདཔ་ཨིན་པས།
ཚེ་འདས་ཀྱི་ཕོ་རྒནམ་ ཇིཊ་བྷ་དུར་ར་ན་གིས་ སླབ་མིའི་ནང་ ཁོང་གི་ནདཔ་དེ་ དེ་ཚེ་ར་ ཉིན་མའི་ཆུ་ཚོད་༢ དེ་ཅིག་ཁར་ གཤག་བཅོས་ཁང་ནང་ བསྐྱལ་ཡོདཔ་བཞིན་དུ་ ཕྱི་རུའི་ཆུ་ཚོད་༦ དེ་ཅིག་ཁར་ གཤག་བཅོས་འབད་ཚར་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཤག་བཅོས་འབད་ཚར་བའི་ཤུལ་ལུ་ ནདཔ་དེ་ བལྟ་མི་ཌོག་ཊར་ཅིག་ཡང་མེད་པར་ དྲོ་པའི་ཚུ་ཚོད་༣.༣༠ ལུ་ གྱོངས་སོ་ཡི་ཟེར་ཨིན་པས།
ཇིཊ་བྷ་དུར་ར་ན་གིས་ ཉོགས་བཤད་ཡི་གུ་ནང་ གཤག་བཅོས་འབད་ཚར་བའི་ཤུལ་ལས་ ཌོག་ཊར་ཕུག་རྡོག་གཅིག་ཡང་མེདཔ་ལས་ ནདཔ་སྣང་མེད་སྦེ་ བཞག་མི་ལུ་ ཞིབ་དཔྱད་མཐིལ་ཕྱིན་འབད་གནང་དགོ་ཟེར་བཀོད་ནུག།
ཁོ་གིས་འབད་བ་ཅིན་ ནདཔ་དེ་ གསོ་བའི་ལས་བྱེདཔ་ཚུ་གི་ སེམས་བག་ཡེངས་ཤོར་མི་ལུ་བརྟེན་ ཤི་རྐྱན་བྱུང་ཡོདཔ་ལས་ སྨན་ཁང་གི་ གཙོ་འཛིན་གྱིས་ གནད་དོན་དེ་ ཚབས་ཆེན་སྦེ་ བརྩི་འཇོག་གནང་སྟེ་ ཞིབ་དཔྱད་འབད་གནང་ཟེར་ཨིན་པས།
ཁོ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ ཁོ་གི་རེ་བ་ལས་འབད་བ་ཅིན་ ཌོག་ཊར་ཚུ་གིས་ ནདཔ་གི་གནས་སྟངས་ ལྟ་ཞིབ་འབད་འོང་ཟེར་ རེ་བ་བསྐྱེད་ཡོད་རུང་ གཤག་བཅོས་འབད་ཞིནམ་ལས་ ཁོང་གི་ཁ་ཐུག་ལས་ ཞུ་བ་འབད་རུང་ ཌོག་ཊར་ཕུད་རྡོག་གཅིག་ཡང་ ནདཔ་བལྟ་བར་ མ་འོང་ཟེར་ཨིན་པས།
རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་གཙོ་འཛིན་ ལྷགཔ་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་གིས་ ཉོགས་བཤད་ཡི་གུ་དེ་ ཞིབ་དཔྱད་ཀྱི་དོན་ལུ་ སྤུས་ཚད་འཛིན་སྐྱོང་ཚོགས་ཆུང་ལུ་ བཏང་ཡི་ཟེར་ཨིནམ་ད་ ཚོགས་ཆུང་གིས་ འཐུས་ཤོར་ཡོད་མེད་ ཞིབ་དཔྱད་མཐིལ་ཕྱིན་འབད་འོང་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *