ཁ་ཙ་ འབྲུག་རྒྱལ་གསུམ་པ་ མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གི་ འཁྲུངས་སྐར་དུས་སྟོན་དང་འབྲེལ་ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ གཞི་བཙུགས་ཀྱི་ ཉིནམ་འགོ་དང་པ་ བརྩི་སྲུང་ཞུ་སར་ མི་དབང་རྒྱལ་བཙུན་མཆོག་གིས་ གྲལ་བཞུགས་གནང་པའི་བསྒང་།

རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གིས་ གཞི་བཙུགས་ཀྱི་ ཉིནམ་དང་པ་བརྩི་སྲུང་།

༉ ཁ་ཙ་ ཐིམ་ཕུག་ལུ་ འབྲུག་གི་ཁྲིམས་སྲུང་འགག་སྡེའི་ ས་ཁོངས་ནང་སྦེ་ འབྲུག་རྒྱལ་གསུམ་པ་ མི་དབང་ཞིང་གཤེགས་དམ་པ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གི་ འཁྲུངས་སྐར་དུས་སྟོན་དང་འབྲེལ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ གཞི་བཙུགས་འབད་དེ་ ལོ་ངོ་༦༢ ཀྱི་ཤུལ་ལས་ ཉིནམ་འགོ་དང་པ་ བརྩི་སྲུང་འབད་ཡི།
གཞི་བཙུགས་ཀྱི་ ཉིནམ་བརྩི་སྲུང་ཞུ་སར་ མི་དབང་རྒྱལ་བཙུན་ རྗེ་བཙུན་པདྨ་དབང་ཕྱུག་མཆོག་ བྱོན་གནང་ཡི།
སྨན་ཁང་གི་ གཙོ་འཛིན་ལྷགཔ་རྡོ་རྗེ་གིས་ བཤད་མིའི་ནང་ སྨན་ཁང་དེ་ འགོ་དང་པ་ སྤྱི་ལོ་༡༩༥༦ ལུ་ མི་དབང་འབྲུག་རྒྱལ་གསུམ་པ་མཆོག་གི་ བཀའ་རྒྱ་དང་འཁྲིལ་ ཐིམ་ཕུག་གླང་རྒྱུག་ཕར་ཁ་ལུ་ འགོ་བཙུགས་ཡོད་རུང་ སྤྱི་ལོ་༡༩༧༤ ལུ་ ད་ལྟོ་ཡོད་མི་ ས་གནས་ནང་ ཐིམ་ཕུག་ཡོངས་ཁྱབ་སྨན་ཁང་ཟེར་ མིང་བཏགས་ཐོག་ལས་ སྤོ་བཤུད་འབད་ནུག།
སྤྱི་ལོ་༢༠༠༢ ལུ་ ཐིམ་ཕུག་ཡོངས་ཁྱབ་སྨན་ཁང་ལས་ མི་དབང་འབྲུག་རྒྱལ་གསུམ་པ་མཆོག་ལུ་ གུས་བཏུད་ཞུ་ཐབས་ལུ་ ཐིམ་ཕུག་འཇིགས་མེད་རྡོ་རྗེ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ཟེར་ མིང་བཏགས་ཡོདཔ་ཨིན་པས།
ད་ལྟོ་ཡོད་མི་སྨན་ཁང་དེ་ སྤྱི་ལོ་༢༠༠༩ ལུ་ རྒྱ་སྐྱེད་འབད་ཡོདཔ་ད་ དེ་ནང་ ཉལ་ཁྲི་༣༥༠ ཡོདཔ་ཨིན་པས།
གཞི་བཙུགས་ཀྱི་ཉིནམ་འདི་ དྲུང་འཚོ་ཤེས་རབ་ཀྱིས་ སྨན་ཁང་གི་དོན་ལུ་ བརྩམས་ཡོད་མི་ ཞབས་ཁྲ་གསུམ་དང་ སྙན་ཆའི་གློག་བརྙན་ཐུང་ཀུ་ཅིག་ བཟོ་ཡོད་མི་དེ་ མི་དབང་རྒྱལ་བཙུན་མཆོག་གིས་ གསར་བཏོན་གནང་ཐོག་ལས་ འགོ་བཙུགས་ཅི།
དེ་གི་ཤུལ་ལས་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ སྨན་ཁང་གི་དོན་ལུ་ ལྷག་བསམ་རྣམ་དག་གི་ཐོག་ལས་ ཞལ་འདེབས་འདྲ་མིན་སྣ་ཚོགས་བྱིན་མི་ རྒྱལ་སྤྱི་དང་ འབྲུག་མི་ཚུ་ལུ་ དགའ་ཚོར་གྱི་ ལག་ཁྱེར་ཚུ་ཡང་གནང་ཡི།
དེ་བཟུམ་སྦེ་ སྨན་ཁང་གི་ ལས་བྱེདཔ་ཚུ་ ལཱ་ལུ་སེམས་ཤུགས་བསྐྱེད་བཅུག་ཐབས་དང་ སྤྲོ་བ་ཐེབས་བསྐྱེད་ནིའི་དོན་ལུ་ ལོ་གཅིག་གི་ ལས་བྱེདཔ་ཟེར་བའི་ རྟགས་མ་ཡང་ སྡེ་ཚན་སོ་སོར་ནང་ལས་གནང་ཡི།
ཞལ་འདེབས་གནང་མི་དང་ ལོ་གཅིག་གི་ ལས་བྱེདཔ་ཚུ་ལུ་ ངལ་རངས་ཀྱི་ རྟགས་མ་གིས་མ་ཚད་པར་ སྡེ་ཕྲན་ཁག་༡༢༠ ལུ་ ངལ་རངས་ཀྱི་ གསོལ་རས་ཚུ་ཡང་གནང་ཡི།
སྨན་ཁང་དེ་གིས་ མི་སེར་ཚུ་ལུ་ སྤུས་ཚད་ཅན་གྱི་ ཞབས་ཏོག་ཚུ་ སྤྲོད་ཐབས་ལུ་ གཟུགས་རྩ་དང་འབྲེལ་བའི་ གཤག་བཅོས་དང་ ཆབ་བརྟག་ཞབས་ཏོག་ ཀེན་སར་གྱི་གཤག་བཅོས་ ན་ལོན་དང་ ཨ་ལོའི་ནདཔ་ཚབས་ཆེན་བཞག་ས་ལ་སོགས་པ་ཚུ་ གཞི་བཙུགས་འབད་དེ་ཡོདཔ་སྦེ་ གཙོ་འཛིན་གྱིས་ཞུ་ཡི།
ལོ་ངོ་དག་པ་ཅིག་གི་ཧེ་མར་ ཕ་སོན་བཙུགས་ནིའི་ ཞབས་ཏོག་ནང་ ན་ཟུག་རྐྱབ་མ་དགོ་པར་ ཨ་ལོ་སྐྱེས་ནིའི་ སྨན་ཁབ་ཨི་པི་ཌུ་རལ་གྱི་ཞབས་ཏོག་ འོད་རླབས་སྨན་བཅོས་ལ་སོགས་པ་ཚུ་ འགོ་བཙུགས་ཏེ་ཡོད་ཟེར་ཨིན་པས།
ད་རུང་ ཉལ་ཁྲི་༡༥༠ འབད་མི་ རྒྱལ་བཙུན་རྗེ་བཙུན་པདྨ་ ཨ་ལོ་དང་ཨའི་གི་སྨན་ཁང་ བཟོ་སྐྲུན་འབད་བའི་བསྒང་ཡོདཔ་ད་ རྒྱལ་ཡུམ་སྐལ་བཟང་ཆོས་སྒྲོན་དབང་ཕྱུག་རྒྱལ་ཡོངས་མིག་ཏོ་ལྟེ་བ་དང་ སྨན་ཁང་གི་བདག་སྐྱོང་སྒྲིང་ཁྱིམ་ ཀེན་སར་གྱི་ནདཔ་བཞག་ས་དང་ ཉལ་ཁྲི་༢༢ འབད་མི་ ཁྲག་སེལ་ལྟེ་བ་ཚུ་ བཟོ་སྐྲུན་འབད་བའི་བསྒང་ཡོད་ཟེར་ གཙོ་འཛིན་གྱིས་ཞུ་ཡི།
རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་གནས་ཚད་ ཡར་དྲག་གཏང་ནིའི་དོན་ལུ་ ཞབས་ཏོག་གསརཔ་འགོ་བཙུགས་ནི་དང་ ལས་བྱེདཔ་ཚུ་ལུ་ སྦྱོང་བརྡར་བྱིན་ནིའི་ཐད་ཁར་ རྒྱ་གར་དང་ ཐའི་ལེནཌ་ སིངྒ་པུར་ལུ་ཡོད་མི་ སྨན་ཁང་ཚུ་ནང་ མཉམ་འབྲེལ་གྱི་ཐོག་ལས་ ལཱ་འབད་དོ་ཟེར་ཨིན་པས།
འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཉལ་ཁྲི་༣༨༦ ཡོདཔ་ད་ ད་ལྟོ་སྨན་ཁང་ནང་ ནདཔ་སྡོད་མི་ བརྒྱ་ཆ་༧༤ དེ་ཅིག་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༧ ལུ་ ཕྱིའི་ནདཔ་༥༢༦,༤༩༡ འོང་ཡོད་མི་ནང་ལས་ སྨན་ཁང་ནང་སྡོད་དེ་ སྨན་བཅོས་འབད་མི་༡༧,༤༦༨ འོང་ཡོདཔ་ཨིན།
སྨན་ཁང་ནང་ ཨ་ལོ་གསརཔ་༤,༥༥༣ སྐྱེས་མི་ནང་ལས་ གཤག་བཅོས་འབད་ཐོག་ལས་ སྐྱེས་མི་༡,༢༨༣ ཐོན་ཡོདཔ་ཨིན་པས།
ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དེ་ མི་སེར་ལུ་ སྨན་བཅོས་ཞབས་ཏོག་སྤྲོད་ནི་རྐྱངམ་གཅིག་མེན་པར་ གེ་སར་རྒྱལ་པོ་གསོ་བ་དང་ ཚན་རིག་གཙུག་ལག་སློབ་སྡེའི་ སློབ་སྦྱོང་འབད་སའི་ སྨན་ཁང་སྦེ་ཡང་ ལག་ལེན་འཐབ་སྟེ་ ལོ་༤ དེ་ཅིག་ སོང་ཡོདཔ་ཨིན་པས།
ཁ་ཙ་ ཉིནམ་བརྩི་སྲུང་འབདཝ་ད་ མི་དབང་རྒྱལ་པོའི་སྲསམོ་ སྐལ་བཟང་དབང་མོ་དབང་ཕྱུག་དང་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ བློན་པོ་དང་ ཆེ་མཐོའི་འགོ་དཔོན་ སྨན་ཁང་དང་ གསོ་བའི་ལྷན་ཁག་ལུ་ ཞལ་འདེབས་འབད་མི་ དེ་ལས་ གསོ་བའི་ལྷན་ཁག་གི་ ལས་བྱེདཔ་ཚུ་གིས་ བཅའ་མར་གཏོགས་ཅི།
སྨན་ཁང་གཞི་བཙུགས་ཀྱི་ཉིནམ་འདི་ ད་ལས་ཕར་ ལོ་བསྟར་བཞིན་དུ་ བརྩི་སྲུང་འབད་ནི་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *