རྒྱལ་ཡོངས་གཙང་སྦྲ་འཕྲོད་བསྟེན་སྲིད་བྱུས་ཀྱིས་ གཙང་སྦྲ་དང་འབྲེལ་བའི་ གནད་དོན་ཚུ་ སེལ་ཐབས་འབད་ནི།

༉ ཁྲོམ་སྡེ་ཚུ་ནང་ མི་རློབས་ཡར་སེང་སོང་མི་དང་འབྲེལ་ གཙང་སྦྲ་འཕྲོད་བསྟེན་གྱི་ མཐུན་རྐྱེན་ཚུ་ལུ་ དཀའ་ངལ་བྱུང་མི་ཚུ་ སེལ་ཐབས་འབད་ནིའི་དོན་ལུ་ རྒྱལ་ཡོངས་གཙང་སྦྲ་འཕྲོད་བསྟེན་སྲིད་བྱུས་ཅིག་ ཆ་འཇོག་འབད་ནུག།
དེ་ཡང་ སྤྱི་ཟླ་༡༠ པའི་ཚེས་༧ ལུ་ གཞུང་དབང་ལས་སྡེ་ཚུ་དང་ ལོ་བསྟར་ལཱ་ཤུལ་གྲུབ་འབྲས་གན་ཡིག་གུ་ མཚན་རྟགས་བཀོད་པའི་སྐབས་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གསུངས་ཡི།
སྲིད་བྱུས་དེ་གིས་ སྤྱིར་བཏང་ཁྱབ་ཚད་དང་ ཡུན་བརྟན་ཞབས་ཏོག་ག་ར་ འགྲུབ་ཚུགས་ནི་ཨིན་པའི་ཁར་ ཡུན་བརྟན་གཙང་སྦྲ་འཕྲོད་བསྟེན་ལམ་ལུགས་ཀྱི་དོན་ལུ་ འོས་ལྡན་གྱི་ཐབས་རིག་ཚུ་ དང་ལེན་འབད་ཚུགས་ནི་དང་ ཡུན་བརྟན་གོང་འཕེལ་གཏང་ནི་དང་ ཉེན་སྲུང་ཅན་གྱི་ གཙང་སྦྲ་འཕྲོད་བསྟེན་ཞབས་ཏོག་ དེ་ལས་ འཇོན་ཐངས་ཅན་གྱི་ དངུལ་འབྲེལ་ཐབས་ཤེས་ཚུ་ བཏོན་ཚུགས་ནི་ཨིན་པས།
དེ་མ་ཚད་ གནས་ཚད་ག་རའི་ནང་ བརྡ་དོན་སྤྱོད་པའི་ བསྒྱུར་བཅོས་ཚུ་བརྩིས་ཏེ་ ལྕོགས་གྲུབ་སྒྲིང་སྒྲི་བཟོ་ནི་དང་ ཞབས་ཏོག་མཁོ་སྤྲོད་འབད་ནི་ དེ་ལས་ འཇོན་ཐངས་ཅན་གྱི་ མཉམ་འབྲེལ་འབད་ནིའི་དོན་ལུ་ གཙུག་སྡེ་ཚུ་གིས་ ཐབས་ཤེས་བཏོན་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ནི་ཨིན་པས།
མཉམ་འབྲེལ་ལས་རིམ་སྙན་ཞུ་༢༠༡༩ ཅན་མའི་ནང་ བཀོད་མི་དང་འཁྲིལཝ་ད་ མ་གཞི་ རྒྱལ་ཁབ་ནང་ བརྒྱ་ཆ་༧༨ དེ་ཅིག་ ཡར་དྲག་སོང་ཡོད་པའི་ གཙང་སྦྲ་འཕྲོད་བསྟེན་ཞབས་ཏོག་ལེན་ཡོད་རུང་ གཙང་སྦྲ་བཏོན་ནིའི་ འཛིན་སྐྱོང་གནད་དོན་དེ་གིས་ ཆུ་དང་འབྲེལ་བའི་ ནད་གཞི་ཁྱབ་སྤེལ་འགྱོ་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
སྤྱི་ལོ་༢༠༡༧ གྱི་ཟླཝ་༡༠ པའི་ནང་ ཟིན་བྲིས་བཏབ་མི་ སྲིད་བྱུས་དེ་གིས་ གཞུང་དང་ སྒེར་སྡེ་ གཙུག་སྡེ་ མགྲོན་སྐྱོང་ཁང་ གཞུང་མིན་ལས་ཚོགས་ དེ་ལས་ ལས་སྡེ་གཞན་ཚུ་ལུ་ གཙང་སྦྲ་འཕྲོད་བསྟེན་བཏོན་ནི་ལུ་ ལམ་སྟོན་འབད་ཚུགས་ནི་ཨིན་པས།
སྲུད་བྱུས་དང་འཁྲིལཝ་ད་ མ་གཞི་ འཐུང་ཆུ་བཀྲམ་སྤེལ་དང་ གཞི་རྟེན་གསང་སྤྱོད་ཚུ་ ཁྱབ་ཚུགས་ཡོད་རུང་ ད་ལྟོ་ རྒྱལ་ཁབ་ནང་ གཙང་སྦྲ་འཕྲོད་བསྟེན་གྱི་ གནས་སྟངས་སྐྱོ་དྲགས་ཡོདཔ་ལས་ གསོ་བའི་ལམ་ལུགས་ནང་ གདོང་ལེན་བྱུངམ་མས་ཟེར་ཨིན་པས།
དེ་འབདཝ་ལས་ ཨ་ལོ་ཚུ་ ཤི་ནི་དང་ གཟུགས་སྦོམ་མ་འགྱོ་བའི་ ཚད་གཞི་ལྷན་ཐབས་འབད་མི་གིས་ གཞུང་ལུ་ ཚ་གྱང་ཆེ་བའི་ གཞི་གནད་ཅིག་ལུ་གྱུར་ཡོདཔ་བཞིན་དུ་ གནད་དོན་དེ་ཡང་ མང་ཤོས་ར་ གྲོང་གསེབ་ཚུ་ནང་ དཀའ་ངལ་ཅན་གྱི་བཟའ་ཚང་ཚུ་ནང་ ཐོན་ནུག་ཟེར་ཨིན་པས།
སྲིད་བྱུས་དེ་ཡང་ ཞབས་ཏོག་དང་ གསོ་བའི་ལྷན་ཁག་གིས་ འགོ་འདྲེན་ཐོག་ལས་ བཟོ་ཡོད་མི་གིས་ ཡུན་བརྟེན་གཙང་སྦྲ་མཐུན་རྐྱེན་དང་ ཉེན་སྲུང་ཅན་གྱི་ འཕྲོད་བསྟེན་ལག་ལེན་གྱི་ ཞབས་ཏོག་བྱིན་ཚུགས་ནི་ཨིན་པས།
གསོ་བ་དང་ ཞབས་ཏོག་ལྷན་ཁག་གིས་ ས་གནས་གཞུང་དང་མཉམ་འབྲེལ་ཐོག་ལས་ ཆ་མཉམ་གྱི་དོན་ལུ་ ཉེན་སྲུང་ཅན་གྱི་ གཙང་སྦྲ་འཕྲོད་བསྟེན་ཞབས་ཏོག་ བྱིན་ཚུགསཔ་བཟོ་ནི་ཨིན་པའི་ཁར་ རྫོང་ཁག་དང་ ཁྲོམ་སྡེ་ག་རའི་ནང་ གསང་སྤྱོད་དྲིམ་མནམ་མི་ཚུ་ མེདཔ་བཟོ་ནི་ཨིན་པས།
དེ་བཟུམ་སྦེ་ གཞི་རྟེན་གྱི་ གཙང་སྦྲ་འཕྲོད་བསྟེན་མཐུན་རྐྱེན་བཟོ་ཞིནམ་ལས་ འཛིན་སྐྱོང་ལེགས་ཤོམ་འཐབ་ནི་དང་ ལག་ལེན་འཐབ་ནི་ དེ་ལས་ མི་འཛོམས་ས་དང་ ས་གོ་ཚུ་ནང་ གཙང་སྦྲ་འཕྲོད་བསྟེན་མཐུན་རྐྱེན་ཚུ་ ལངམ་སྦེ་བཟོ་ནི་ཨིན་པས།
འབྲུག་ལྟ་བཤལ་ཚོགས་སྡེ་གིས་ ཞབས་ཏོག་ལྷན་ཁག་དང་ ས་གནས་གཞུང་དང་ མཉམ་འབྲེལ་ཐོག་ལས་ གཞུང་ལམ་བདའ་སྟེ་ གཙང་སྦྲ་འཕྲོད་བསྟེན་མཐུན་རྐྱེན་ཚུ་ ལངམ་སྦེ་བཟོ་འོང་ཟེར་ སྲིད་བྱུས་ནང་བཀོད་ནུག།
འོས་ལྡན་གྱི་ ཐབས་རིག་ཚུ་ དང་ལེན་འབད་ཚུགས་ནིའི་དོན་ལུ་ ཞབས་ཏོག་ལྷན་ཁག་གིས་ ས་གནས་གཞུང་དང་མཉམ་འབྲེལ་ཐོག་ལས་ མི་སྡེ་ནང་ འོས་འབབ་ལྡན་མི་དང་ གནམ་གཤིས་གནས་སྟངས་ལས་ བཀག་ཚུགས་མི་ བཙོག་ཆུ་ལུ་བརྟེན་པའི་ རང་བཞིན་གནས་སྟངས་ལུ་ གནོད་སྐྱོན་བྱུང་མི་ཚུ་ མར་ཕབ་འབད་ནིའི་དོན་ལུ་ བཙོག་ཆུ་ལེགས་བཅོས་ཁང་གི་ ལམ་ལུགས་ཅིག་ གཞི་བཙུགས་འབད་ནི་ཨིན་པས།
ཆུ་དང་ གཙང་སྦྲའི་བཅའ་ཡིག་༡༩༩༥ དང་འཁྲིལཝ་ད་ ཆུ་གནགཔོ་དང་ སྐྱ་ཐལ་འགྱོ་མི་དེ་ ཁྲོམ་སྡེའི་བཙོག་གཡུར་དང་ བཙོག་མཛོད་ནང་ མཐུད་སྦྲེལ་འབད་དགོཔ་ཨིན་རུང་ ད་ལྟོ་ ཆུ་སྐྱ་ཐལ་ཐོན་མི་དེ་ ཐད་ཀར་དུ་ ལེགས་བཅོས་མ་འབད་བར་ ཆུ་གཡུར་ཚུ་ནང་ བཏངམ་མས་ཟེར་ཨིན་པས།
སྲིད་བྱུས་ནང་ བཀོད་མི་དང་འཁྲིལཝ་ད་ ཞབས་ཏོག་ལྷན་ཁག་གིས་ ཁྱིམ་གུང་རེ་དང་ མི་མང་ལུ་ འཇོན་ཐངས་ཅན་གྱི་ གཙང་སྦྲའི་ཐབས་རིག་ཚུ་ ལག་ལེན་འཐབ་དགོཔ་བཟོ་ནི་དང་ ས་གནས་གཞུང་གིས་ འཆར་གཞི་བརྩམ་ནི་དང་ གཙང་སྦྲ་དང་འབྲེལ་བའི་ ལམ་ལུགས་འགོ་བཙུགས་མི་ཚུ་ ལག་ལེན་དང་ འཛིན་སྐྱོང་འཐབ་ནིའི་དོན་ལུ་ ལྕོགས་གྲུབ་གོང་འཕེལ་གཏང་ནི་ཨིན་པས།
གཙང་སྦྲ་འཕྲོད་བསྟེན་དང་ ཉེན་སྲུང་ལྡན་པའི་ ཆུ་དེ་གིས་ མི་ཚུ་ཤི་རྐྱེན་འབྱུང་ནི་ལས་ བཀག་ཚུགས་ནི་ཨིན་པའི་ཁར་ དཔལ་འབྱོར་ཡར་དྲག་གཏང་ནི་དང་ མི་ཚུ་ལེགས་ཤོམ་སྦེ་ སྡོད་ཚུགས་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ནི་ཨིན་པས།
དེ་མ་ཚད་ སྤྱིར་བཏང་དབུལ་ཕོངས་མར་ཕབ་འབད་ནི་དང་ སྤུས་ཚད་ལྡན་པའི་ མི་ཚེའི་གནས་སྟངས་ ཡར་དྲག་གཏང་ནི་ དེ་ལས་ བཙོག་རྫས་ཚུ་ མར་ཕབ་འབད་ཚུགས་ནི་ཨིན་པས།
མཉམ་འབྲེལ་དང་ ལྟ་རྟོག་ ཞིབ་དཔྱད་ དེ་ལས་ རྒྱལ་ཡོངས་གཙང་སྦྲ་འཕྲོད་བསྟེན་གྱི་ སྲིད་བྱུས་བསྐྱར་ཞིབ་འབད་མི་ཚུ་ ལག་ལེན་འཐབ་ནིའི་འགན་ཁུར་དེ་ ཞབས་ཏོག་ལྷན་ཁག་དང་ གསོ་བ་ལྷན་ཁག་ལུ་ ཕོག་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *