༉ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་ཚུ་ནང་ སློབ་དཔོན་མ་ལང་པའི་ དཀའ་ངལ་སེལ་ཐབས་ལུ་ ཤེས་རིག་ལྷན་ཁག་གིས་ འཕྲལ་མགྱོགས་ར་ ཁག་འབག་སློབ་དཔོན་༣༡༦ གསར་བཙུགས་འབད་ནི་ཨིན་པས།
ཁག་འབག་སློབ་དཔོན་ཚུ་གིས་ དམིགས་བསལ་དུ་ དུས་ཅི་ སྤྱི་ཟླ་༡ པ་ལས་༧ པའི་ ནང་འཁོད་ལུ་ ཤེས་ཡོན་གྱི་ ངལ་གསོ་དང་ དངུལ་ཕོགས་མེད་པར་ ངལ་གསོ་སྡོད་མི་ དེ་ལས་ ལས་སྡེ་སོ་སོའི་ནང་ གནས་སོར་སོང་མི་ སློབ་དཔོན་ཚུ་གི་ ས་སྟོང་ཚུ་ བསུབ་ནི་ཨིནམ་མ་ཚད་ ཁས་བླངས་ཐོག་ལས་ དགོངས་ཞུ་འགྱོ་མི་ཚུ་གི་དོན་ལུ་ཚབ་སྦེ་ སློབ་སྟོན་འབད་ནི་ཨིན་པས།
སློབ་དཔོན་༣༡༦ ཡང་ སློབ་གྲྭ་ཁག་སོ་སོའི་ནང་ བགོ་བཀྲམ་འབད་ནི་ཨིནམ་ད་ ཁག་འབག་སློབ་དཔོན་གྱི་དོན་ལུ་ རང་སོའི་སློབ་སྦྱོང་དང་འཁྲིལ་ཏེ་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ རྐྱངམ་གཅིག་གིས་ བཅའ་མར་གཏོགས་ཆོག་ནི་ཨིན་པས།
ཤེས་རིག་ལྷན་ཁག་གི་ མི་སྟོབས་གཙོ་འཛིན་འགོ་དཔོན་ ཀུན་ལེགས་རྒྱལ་མཚན་གྱིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༦ གི་ སློབ་དཔོན་དགོས་མཁོ་དང་འཁྲིལཝ་ད་ ལོ་བསྟར་བཞིན་དུ་ སློབ་དཔོན་བརྒྱ་ཆ་༢ དེ་ཅིག་གིས་ ཤེས་ཡོན་སྦྱང་པར་དང་ དམིགས་བསལ་གྱི་ ངལ་གསོ་ནང་ སོང་ནུག་ཟེར་ཨིན་པས།
ཨིན་རུང་ ས་སྟོང་ཐོན་མི་ཚུ་ག་ར་ བསུབ་མི་ཚུགས་ཟེར་ཨིནམ་ད་ ད་རེས་ སློབ་དཔོན་གསར་བཙུགས་འབད་མི་དེ་ཡང་ ལྷན་ཁག་གི་ མི་སྟོབས་ལས་རིམ་དང་འཁྲིལ་ཏེ་ཨིན་པས།
ད་རེས་ནངས་པར་ སློབ་གྲྭ་ཚུ་ནང་ སློབ་དཔོན་ལངམ་མེད་མི་དེ་གིས་ ཤེས་རིག་གི་ སྤུས་ཚད་ལུ་ ཐོ་ཕོག་ཉེན་ཡོད་མི་ལུ་བརྟེན་ཁག་འབགཔ་སློབ་དཔོན་ གསར་བཙུགས་འབད་ནི་ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ངོས་ལེན་འབད་ཡི་ཟེར་ ཀུན་ལེགས་རྒྱལ་མཚན་གྱིས་ བཤདཔ་ཨིན་པས།
ཁག་འབག་སློབ་དཔོན་ཚུ་ཡང་ རྫོང་ཁ་སློབ་དཔོན་༨༨ དང་ སྤྱིར་བཏང་སློབ་དཔོན་༦༦ རྩིས་ཀྱི་སློབ་དཔོན་༣༥ བརྡ་དོན་འཕྲུག་རིག་སློབ་དཔོན་༡༡ རྒྱལ་རབས་སློབ་དཔོན་༡༡ རྒྱས་བཤད་སློབ་དཔོན་༡༤ ཚན་རིག་སློབ་དཔོན་༥༠ བསླབ་སྟོན་པ་༣ ཨིང་སྐད་སློབ་དཔོན་༣༢ དཔལ་འབྱོར་༥ དེ་ལས་ རྩིས་རིག་སློབ་དཔོན་༡ གསར་བཙུགས་འབད་ནི་ཨིན་པས།
ལྷན་ཁག་གི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ སློབ་དཔོན་ཚུ་གི་ ཁག་འབག་གི་ གནས་ཡུན་དེ་ཡང་ སྤྱི་ཟླ་༡༠ པ་ལས་ འགོ་བཙུགས་ཏེ་ སྤྱི་ལོ་༢༠༡༨ ལོ་མཇུག་ཚུན་ཨིནམ་བཞིན་དུ་ སློབ་དཔོན་ཚུ་ཡང་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་མ་གཏོགས་ རྫོང་ཁག་ག་རའི་ནང་ བགོ་བཀྲམ་འབད་ནི་ཨིནམ་ད་ མཐོ་ཤོས་ར་ ཐིམ་ཕུག་ཁྲོམ་སྡེ་ལུ་༤༠ དང་ དམའ་ཤོས་ར་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་དང་ གཞན་ལམ་སྒང་ལུ་ སློབ་དཔོན་རེ་ བགོབཀྲམ་འབད་ནི་ཨིན་པས།
སློབ་དཔོན་གདམ་འཐུ་དེ་ ལྷན་ཁག་གིས་འབད་ནི་ཨིན་རུང་ སློབ་གྲྭ་ཚུ་ནང་ བགོ་བཀྲམ་འབད་ནིའི་ དབང་ཆ་དེ་ རྫོང་ཁག་ཚུ་ནང་ ཕྱིར་སྤེལ་འབད་བཞིན་དུ་ སློབ་དཔོན་ཚུ་ཡང་ སློབ་གྲྭ་ཚུ་ནང་ རང་སོའི་གནས་རིམ་དང་འཁྲིལ་ཏེ་ བགོ་བཀྲམ་འབད་ནི་ཨིན་པས།
མི་སྟོབས་གཙོ་འཛིན་འགོ་དཔོན་གྱིས་ སླབ་མིའི་ནང་ སློབ་དཔོན་ཚུ་གི་ ཁག་འབག་གི་ གནས་ཡུན་དེ་ ཟླཝ་༡༥ ཨིན་རུང་ རྫོང་ཁག་ཚུ་གིས་ སློབ་དཔོན་གྱི་ ས་སྟོང་དང་འཁྲིལ་ གནས་ཡུན་དེ་ ཡར་སེང་འབད་ནི་ལུ་ གོ་སྐབས་ཡོདཔ་མ་ཚད་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ གཞན་ཚུ་དང་ཕྱདཔ་ད་ ཁོང་གིས་ གོ་སྐབས་འཐོབ་ནི་གི་ འོས་འབབ་ཡོད་ཟེར་ཨིན་པས།
སློབ་དཔོན་ཚུ་ཡང་ ཞི་གཡོགཔ་གི་སྡེ་རིམ་ པི་༥ ག་པའི་ནང་ བཙུགས་ནི་ཨིནམ་ད་ ཟླ་རིམ་གྱི་ དངུལ་ཕོགས་དངུལ་ཀྲམ་༢༠,༧༢༠ དང་ དཀའ་སྡུག་དང་ ས་ཁ་མཐོ་སའི་ ཐོབ་ལམ་ཚུ་ འཐོབ་ནི་ཨིནམ་མ་ཚད་ ལོ་བསྟར་གྱི་ ངལ་གསོ་འཐུས་ཚུ་ཡང་ འཐོབ་ཚུགས་ཟེར་ ཀུན་ལེགས་རྒྱལ་མཚན་གྱིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ སྤྱི་ཟླ་༩ པ་ལས་ སློབ་དཔོན་ཚུ་གིས་ ཤེས་ཡོན་དང་ དམིགས་བསལ་གྱི་ ངལ་གསོ་འགྱོ་བ་ཅིན་ རྫོང་ཁག་གིས་ སློབ་དཔོན་ཚབ་བཙུགས་འབད་ནིའི་དོན་ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལས་ གནང་བ་ཐོབ་སྟེ་ཡོད་ཟེར་ཨིནམ་ད་ ད་རེས་ ཁག་འབག་སློབ་དཔོན་ཚུ་ གསར་བཙུགས་འབད་རུང་ སློབ་དཔོན་གྱི་ ས་སྟོང་དེ་ དུམ་གྲ་ཅིག་དེ་ རང་བཞིན་གྱིས་ར་ ལུས་འོང་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ ད་རེས་ནངས་པར་ སློབ་དཔོན་མ་ལང་པའི་ དཀའ་ངལ་གཙོ་བོ་ར་ རྫོང་ཁག་ཚུ་གིས་ སློབ་དཔོན་ཚུ་ སློབ་གྲྭ་ནང་ དགོས་མཁོ་དང་འཁྲིལ་ཏེ་ བགོ་བཀྲམ་མ་འབད་མི་ལུ་བརྟེན་ཨིནམ་ད་ སློབ་གྲྭ་ལ་ལོ་ཅིག་ནང་ སློབ་དཔོན་ཐེབས་ཡོད་པའི་ཁར་ ལ་ལོ་ནང་ དཀའ་ངལ་འདུག་ཟེར་ བཤདཔ་ཨིན་པས།
སྤྱི་ལོ་༢༠༡༨ ལུ་ སློབ་དཔོན་སྦྱོང་བརྡར་སྤེལ་ཁང་ལས་ སྦྱོང་བརྡར་མཐར་འཁྱོལ་མི་ཚུ་ མི་འོང་ནི་ཨིན་མི་དེ་ཡང་ རྒྱལ་འཛིན་གཙུག་ལག་སྡེ་གིས་ སྤེལ་ཁང་༢ ཀྱིས་ སློབ་ཕྲུག་ལེན་མིའི་ དུས་ཚོད་དེ་ བསྒྱུར་བཅོས་འབད་མི་ལུ་བརྟེན་ཨིནམ་ད་ ཨིན་རུང་ སྤྱི་ལོ་༢༠༡༩ ལུ་ སློབ་དཔོན་སྦྱོང་བརྡར་འབད་མི་༥༠༠ དེ་ཅིག་ མཐར་འཁྱོལ་ནི་ཨིན་པས།
ན་ཧིང་ སློབ་དཔོན་༩༣ གྱིས་ ཨི་ཨོ་ཨེལ་ཟེར་མི་ དངུལ་ཕོགས་མེད་པའི་ ངལ་གསོ་ནང་ སོང་ཡོདཔ་ད་ སློབ་དཔོན་༢༦ གི་ རང་སོའི་ལོ་ཚང་སྟེ་ དགོངས་ཞུ་སོང་པའི་ཁར་ སློབ་དཔོན་༡༥༡ གིས་ རང་སོའི་ཁས་བླངས་དང་འཁྲིལ་ ལཱ་གཡོག་ནང་ལས་ ཐོན་སོང་ཡོདཔ་མ་ཚད་ སློབ་དཔོན་༡༢༢ ཀྱིས་ ཤེས་ཡོན་གྱི་ ངལ་གསོ་སོང་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ སློབ་དཔོན་ཡོངས་བསྡོམས་ལས་ བརྒྱ་ཆ་༡༠ དེ་ཅིག་ ཁག་འབག་སློབ་དཔོན་ཚུ་ཡོདཔ་ད་ སྤྱི་ལོ་༢༠༡༦ ལུ་ ཁག་འབག་སློབ་དཔོན་༨༠༠ དེ་ཅིག་ཡོདཔ་བཞིན་དུ་ རྒྱལ་ཁབ་ནང་ སློབ་གྲྭ་༦༡༢ ནང་ སློབ་དཔོན་༧,༧༧༨ དེ་ཅིག་དང་ སློབ་ཕྲུག་༡༦༨,༠༠༠ དེ་ཅིག་ཡོདཔ་ཨིན་པས།
དང་འདོད་ཅན་གྱི་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་གིས་ རང་སོའི་ཡིག་ཆ་ཚུ་ སྤྱི་ཟླ་༩ པའི་ཚེས་༦ གི་ནང་འཁོད་ལུ་ ཤེས་རིག་ལྷན་ཁག་ལུ་ བཙུགས་དགོཔ་ད་ མི་ངོ་ཚུ་གིས་ འབྲུག་སྨྱོ་རྫས་དང་བཀག་འཛིན་དབང་འཛིན་དང་གཅིག་ཁར་ གྲོས་བསྟུན་འབད་ཐོག་ལས་ སྨྱོ་རྫས་ཀྱི་ བརྟག་དཔྱད་ཚུ་ཡང་ འབད་དགོ་ཟེར་ ལྷན་ཁག་གིས་ ཁག་འབག་སློབ་དཔོན་གྱི་ ས་སྟོང་ཁྱབ་བསྒྲགས་འབད་མིའི་ནང་ བཀོད་ཡོདཔའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།