རྒྱལ་ཡོངས་ཀྱི་ མཐའ་དོན་ཁག་ཆེ།

༉ རྒྱལ་ཁབ་ནང་ མི་མང་ལུ་ ཞབས་ཏོག་མཁོ་སྤྲོད་འབད་ནི་དང་ གཅིག་གིས་གཅིག་ལུ་ ལྷན་ཐབས་འབད་མི་ གཙུག་སྡེ་དང་ ལས་སྡེ་ཁག་ཚུ་ གཞི་བཙུགས་དེ་ཡོད་རུང་ འགན་འཁྲི་སོ་སོའི་ཐོག་ལས་ རྩ་བ་གསུམ་ལུ་ ཕྱག་ཞུཝ་ཨིན།
དེ་བཟུམ་སྦེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གཉིས་ཆ་ར་ དམིགས་གཏད་དང་ གནད་དོན་སོ་སོར་ དེ་ལས་ དགག་བཤེར་དང་ ཚད་མཉམ་གྱི་དོན་ལུ་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ལྟར་ གཞི་བཙུགས་འབད་ཡོད་རུང་ འཕྲལ་ཁམས་ཅིག་ལས་ གཙུག་སྡེ་གཉིས་ཀྱི་བར་ན་ འགན་འཁྲིའི་སྐོར་ལས་ རྩོད་རྙོགས་བྱུང་མི་དེ་ ཧ་ལས་སི་སི་དང་ རྒྱལ་ཡོངས་ལུ་ ཚ་གྱང་ལང་དགོཔ་ཅིག་ཨིན་མས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་བར་ན་ འཐབ་རྩོད་བྱུང་མི་དེ་ཡང་ གཙུག་སྡེ་གཉིས་ཆ་ར་གིས་ རྩོད་དོན་ཚུ་ལུ་ ཞིབ་དཔྱད་རྐྱབ་ནི་དང་ ཉེས་བཤེར་འབད་ནི་གི་ དབང་ཚད་ཡོད་པའི་ ཐོབ་བརྗོད་བཀོད་མི་ལུ་བརྟེན་ཨིན་མས།
ཁྲིམས་རྩོདཔ་དང་ ཁྲིམས་དོན་མཁས་མཆོག་ཚུ་གིས་ གཙུག་སྡེ་༢ ཀྱི་བར་ན་ གཅིག་གིས་གཅིག་གི་ འགན་འཁྲི་དང་ བྱ་སྒོ་ཚུ་ནང་ ཧམ་འཛུལ་འབད་མི་ལུ་བལྟ་སྟེ་ བསམ་འཆར་བཀོད་མིའི་ནང་ གཙུག་སྡེ་དེ་གཉིས་ལུ་ ཉེས་བཤེར་དང་ ཞིབ་དཔྱད་འབད་ནིའི་ དབང་ཚད་ཅོག་འཐདཔ་བྱིན་ཏེ་ཡོད་པ་ཅིན་ གཙུག་སྡེ་ཐ་དད་སྦེ་ གཞི་བཙུགས་འབད་དགོཔ་ཅིག་ མིན་འདུག་ཟེར་ཨིན་མས།
གཙུག་སྡེ་༢ ཀྱིས་ ཞིབ་དཔྱད་དང་ ཉེས་བཤེར་འབད་ནིའི་ འགན་ཁུར་འབག་མི་དེ་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ལས་ འགལ་ཡོད་མི་དེ་ཡང་ རྩ་ཁྲིམས་ཆེན་མོའི་ རྩ་ཚན་༢༧ པ་དང་འཁྲིལཝ་ད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགན་ཁུར་གཙོ་བོ་ར་ རྒྱལ་ཁབ་ནང་ ངན་ལྷད་སྔོན་འགོག་དང་ འཇོམས་ཐབས་ལུ་མཁོ་བའི་ ཐབས་ལམ་ཚུ་ དང་ལེན་འབད་ནི་དེ་ཨིནམ་བཞིན་དུ་ རྩ་ཚན་༢༩ པའི་ནང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ འགན་ཁུར་དེ་ རྩོད་གཞི་གང་རུང་ཅིག་གི་བཤེར་གཏུགས་ ཡང་ན་ འགོ་བཙུགས་ནི་ ཕྱིར་བཏོན་ཚུ་ ཁྲིམས་དང་འཁྲིལ་ཏེ་ འབད་ནི་གི་ དབང་ཚད་གནང་སྟེ་འདུག།
ད་རུང་ ངན་ལྷད་བཀག་སྡོམ་བཅའ་ཁྲིམས་ཀྱི་ དོན་ཚན་༣ པའི་ནང་ ལྷན་ཚོགས་ཀྱིས་ གཞུང་ ཡང་ན་ སྒེར་གྱི་དབང་འཛིན་དང་ ལས་གཡོགཔ་ཚུ་ལུ་འབྲེལ་གཏོགས་ ཡང་ན་ གནོད་ཉེན་ཡོད་པའི་ ངན་ལྷད་ཞིབ་དཔྱད་འབད་ནི་ དེ་ལས་ དོན་ཚན་༨༡ ལས་༡༥༩ ཚུན་ ཞིབ་དཔྱད་མཐར་ཕྱིན་འབད་ནིའི་ བྱ་རིམ་དང་ དབང་ཚད་ཚུ་ གསལ་བཀོད་འབད་དེ་འདུག།
འདི་བཟུམ་སྦེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ བཅའ་ཁྲིམས་ནང་ཡང་ ཉེས་རྩོད་ཅིག་ ཐེ་ཚོམ་ལས་གྲོལ་བའི་ མངོན་རྟགས་སྟོན་ནི་ལུ་ ཡིད་ཆེས་རུང་བའི་ སྒྲུབ་བྱེད་ལངམ་སྦེ་ཡོད་མི་དང་ ཉེས་བཤེར་ཅིག་ བཙུགས་ནི་དེ་ མི་མང་གི་མཐའ་དོན་ལུ་ མཁོ་གལ་ཡོདཔ་སྦེ་ འཆར་བ་ཅིན་ ཉེས་བཤེར་འགོ་བཙུགས་ཆོག་པའི་ དབང་ཚད་བྱིན་ནུག།
ངན་ལྷད་བཀག་སྡོམ་བཅའ་ཁྲིམས་ཀྱི་ དོན་ཚན་༡༢༨(༣) པའི་ནང་ ལྷན་ཚོགས་ཀྱིས་ བཅའ་ཁྲིམས་འདིའི་ནང་གསལ་ལྟར་ གནོད་འགེལ་ཅིག་གི་ ཉེས་འཛུགས་བཀོད་པའི་མི་ངོ་ལུ་ ཉེར་བཤེར་བཙུགས་ནི་ ཡང་ན་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ ཉེས་བཤེར་གྱི་བྱ་རིམ་ཚུ་ ལོག་ལེན་ཆོགཔ་འདི་ཡང་ རྩོད་གཞི་དེ་ རྒྱུ་མཚན་ཁུངས་དག་མེད་པར་ ཡུན་འགྱངས་འབད་བཞག་པ་ ཡང་ན་ གཡོ་བཅོས་འབད་བ་ དེ་ལས་ བར་དཀྲོགས་སྒོ་ལས་ བར་བགེགས་རྐྱབ་པ་ཅིན་རྐྱངམ་གཅིག་ཨིན་མས།
དེ་མིན་པའི་ གནད་དོན་གཞན་ཚུ་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཉེས་བཤེར་འབད་ནི་གི་ དབང་ཚད་མིན་འདུག།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ བཅའ་ཁྲིམས་ཀྱི་ དོན་ཚན་༢༣ པའི་ནང་ ཁྲིམས་ཀྱི་འདུན་སར་ རྩོད་གཞི་གི་ བྱ་རིམ་ཚུ་འབད་ཡོད་པའི་སྐབས་ རྩོད་གཞིའི་མཐའ་དོན་ལུ་ གནས་ཚུལ་དང་ སྒྲུབ་བྱེད་ཁ་སྐོང་དགོ་པའི་སྐོར་ ཡིག་ཚང་ལུ་ དགོས་མཁོ་ཡོད་པ་ཅིན་ ཡིག་ཚང་དེ་གིས་ ཞིབ་དཔྱད་ལས་སྡེ་གི་ གྲོགས་རམ་ཐོག་ ཡང་ན་ རང་གི་ཞེད་དོན་དང་ལྟར་ དེ་བཟུམ་མའི་གནས་ཚུལ་དང་ སྒྲུབ་བྱེད་ཚུ་ འཐོབ་ནི་ལུ་ བརྩོན་ཤུགས་བསྐྱེད་ཆོགཔ་མ་གཏོགས་ ཞིབ་དཔྱད་རྐྱབ་དགོཔ་སྦེ་ འཁོད་དེ་མེདཔ་ལས་ ཡིག་ཚང་དེ་ལུ་ ཞིབ་དཔྱད་རྐྱབ་ནི་གི་ དབང་ཚད་མིན་འདུག།
དེ་འབདཝ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཉེས་བཤེར་ལུ་འབྲེལ་འཛིན་འབད་ནི་དང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཞིབ་དཔྱད་ཀྱི་ དབང་ཚད་ལེན་པ་ཅིན་ གཙུག་སྡེ་གཉིས་ཀྱི་ འགན་ཁུར་ཚུ་ ཅོག་འཐདཔ་འགྱོ་ནི་ཨིནམ་ལས་ དེ་གིས་ ཧེང་སྐལ་ར་ མགུ་འཐོམ་འབྱུང་ནི་དང་ མཐར་ཐུག་ལུ་ གཙུག་སྡེ་གཉིས་ཆ་ར་གིས་ རང་སོའི་གཙུག་སྡེ་དང་ ཁྱབ་ཁོངས་ཚུ་ ཉེན་སྐྱོབ་ཐོག་ སྤྱིར་བཏང་རྒྱལ་ཡོངས་ཀྱི་ མཐའ་དོན་ཚུ་ རྒྱབ་ཁར་སྐྱུར་བཞག་ནི་གི་ ཉེན་ཁ་འདུག།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *