རྒྱལ་ཡོངས་ཀེན་སར་ལྟེ་བ་ བཟོ་སྐྲུན་འབད་ནིའི་འཆར་གཞི།

གསོ་བའི་ལྷན་ཁག་གིས་ རྒྱལ་ཁབ་ནང་ ནད་གཞི་ཀེན་སར་གྱི་ སྨན་ཁང་བཟོ་སྐྲུན་འབད་ནིའི་དོན་ལུ་ བཟོ་བཀོད་འབད་ནི་དང་ ཚོད་དཔག་མ་དངུལ་བཏོན་ནི་ མི་སྟོབས་ཀྱི་དཀའ་ངལ་ཡོད་ལུགས་ཚུ་གི་སྐོར་ལས་ བཤད་པའི་ཤུལ་ལུ་ ཟླཝ་འདི་ནང་ རྒྱ་གར་ལས་ རིག་རྩལ་དང་ ཐབས་རིག་མཁས་མཆོག་༤ རྒྱལ་ཁབ་ནང་ ལྷོད་ཡོདཔ་ཨིན་པས།

གསོ་བའི་ལྷན་ཁག་དང་ ཐིམ་ཕུག་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ ཐིམ་ཕུག་ལུ་ཡོད་མི་ རྒྱ་གར་གཞུང་ཚབ་ཡིག་ཚང་ལུ་ ཐིམ་ཕུག་སྒྱིད་དར་གོངམ་ལུ་ ཉལ་ཁྲི་༡༠༠ འབད་མི་ རྒྱལ་ཡོངས་ཀེན་སར་ལྟེ་བ་ བཟོ་སྐྲུན་འབད་ནིའི་ གྲོས་འདེབས་ཆ་ཚང་གཅིག་ བཙུགས་ནུག།

གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་ བཤད་མི་དང་འཁྲིལཝ་ད་ འབྲུག་ལུ་ལྷོད་མི་ མཁས་མཆོག་སྡེ་ཚན་དེ་གིས་ འབྲུག་གཞུང་གིས་ རྒྱལ་ཡོངས་ཀེན་སར་ལྟེ་བ་ བཟོ་སྐྲུན་འབད་ནིའི་ནང་ གྲོས་ཐག་ག་དེ་སྦེ་ བཅད་ནི་ཨིན་ན་དང་ གྲོས་འདེབས་བཙུགས་ནིའི་ནང་ ཆ་རོགས་འབད་ནི་དང་ དེ་གི་སྙན་ཞུ་ཡང་ ཕུལ་དགོཔ་ཨིན་ཟེར་ཨིན་པས།

མཁས་མཆོག་ཚུ་ཡང་ རྒྱ་གར་ཊ་ཊ་རྗེས་དྲན་ལྟེ་བའི་ ཀེན་སར་གྱི་སྤྱི་ཁྱབ་ ཌོག་ཊཪ་ཨུ་མེཤ་དང་ མགུ་ཏོ་དང་ཨོལ་ལྐོག་གཤག་བཅོས་ཀྱི་ གཙུག་ལག་ལེགས་སྦྱར་བ་ ཌོག་ཊར་པ་ར་ཏ་མེཤ་ པ་ཡི་ དེ་ལས་ བི་ཨེམ་ཨི་གི་ ཡོངས་ཁྱབ་འཛིན་སྐྱོང་པ་འོགམ་ སུ་རཱཇ་ཅན་ད་ར་དང་ བཟོ་བཀོད་འགོ་དཔོན་ ན་རིན་ད་ར་ཀུ་མ་ཚུ་ཨིན་པས།

ཐིམ་ཕུག་སྒྱིད་དར་གོངམ་ལུ་ བཟོ་སྐྲུན་འབད་ནི་སྦེ་ གྲོས་འདེབས་བཙུགས་ཡོད་མི་ ཀེན་སར་སྨན་ཁང་དེ་ བཟོ་སྐྲུན་འབད་བ་ཅིན་ ཟད་འགྲོ་དངུལ་ཀྲམ་ཐེར་འབུམ་༤.༤ དེ་ཅིག་ གནས་ནི་ཨིནམ་ད་ འཆར་དངུལ་དེ་ནང་ མི་སྟོབས་དང་ སྲ་ཆས་ཚུ་ མ་བཙུགསཔ་ཨིན་པས།

ལྟེ་བ་བཟོ་སྐྲུན་འབད་ནིའི་ལཱ་ཚུ་ དུས་ཅི་ སྤྱི་ཟླ་༦ པའི་ནང་ འགོ་བཙུགས་ཚུགས་པའི་ དམིགས་གཏད་བསྐྱེད་ནུག།

བློན་པོ་གིས་ བཤད་མིའི་ནང་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ན་ཧིང་ སྤྱི་ཟླ་༡༠ པའི་ཚེས་༣ ལུ་ རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་ ཌོག་ཊར་ཨེསི་ ཇའི་ཤན་ཀར་དང་གཅིག་ཁར་ ཕྱད་པའི་སྐབས་ འབྲུག་ལུ་ ཀེན་སར་གྱི་ལྟེ་བ་ བཟོ་སྐྲུན་འབད་ནིའི་དོན་ལུ་ རྒྱ་གར་གཞུང་ལས་ མ་དངུལ་གྱི་ གྲོགས་རམ་གནང་དགོཔ་སྦེ་ ཞུ་བ་འབད་ནུག་ཟེར་ཨིན་པས།

དེ་འབདཝ་ལས་ དུས་ཅི་ རྒྱ་གར་དང་ འབྲུག་གི་བར་ན་ དོན་གཅོད་མཐུན་ལམ་འགོ་བཙུགས་ཏེ་ མི་ལོ་༥༠ འཁོར་བའི་ དུས་སྟོན་ནང་ ཀེན་སར་ལྟེ་བ་ བཟོ་སྐྲུན་འབད་ནིའི་ ལས་རིམ་དེ་ གལ་གནད་ཆེ་བའི་ལས་རིམ་ཅིག་གི་ གྲངས་སུ་ཚུདཔ་ཨིན་ཟེར་ཨིན་པས།

འབྲུག་དང་ རྒྱ་གར་གྱི་ ཕྱི་འབྲེལ་ལྷན་ཁག་༢ ཀྱིས་ གྲོས་བསྟུན་འབད་བའི་ཤུལ་ལུ་ ཐིམ་ཕུག་ལུ་ཡོད་མི་ རྒྱ་གར་གཞུང་ཚབ་ལས་ཁང་གིས་ ན་ཧིང་སྤྱི་ཟླ་༡༢ པའི་ཚེས་༦ ལུ་ གསོ་བའི་ལྷན་ཁག་གིས་ རྒྱ་གར་གཞུང་ལས་ གྲོགས་རམ་ག་ཅི་དགོཔ་ཨིན་ནའི་ གྲོས་འདེབས་ཚུ་ བཙུགས་དགོཔ་སྦེ་ སླབ་དེས་ཟེར་ བློན་པོ་གིས་ བཤད་ཅི།

དེ་མ་ཚད་ རྒྱ་གར་གཞུང་གི་ཁ་ཐུག་ལས་ ཐབས་རིག་གི་རྒྱབ་སྐྱོར་ དཔེར་ན་ གྲོས་འདེབས་བཙུགས་ནི་དང་ བཟོ་བཀོད་ཆ་ཚང་ དེ་ལས་ ཚོད་དཔག་མ་དངུལ་བཏོན་ནི་ཚུ་ རྒྱབ་སྐྱོར་འབད་ནི་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།

རྒྱལ་ཡོངས་ཀེན་སར་ལྟེ་བ་ བཟོ་སྐྲུན་འབད་དགོ་པའི་ དམིགས་ཡུལ་དེ་ཡང་ གནས་རིམ་ཆེ་ཆུང་གཉིས་ཀྱི་ སྨན་བཅོས་འབད་ནི་དང་ ཀེན་སར་སྨན་བཅོས་མཐུན་རྐྱེན་ཡར་དྲག་གཏང་ནི་ ཀེན་སར་ཞིབ་འཚོལ་དང་ སྦྱོང་བརྡར་ལས་རིམ་འབྲེལ་མཐུན་བཟོ་ནི་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ནདཔ་མ་ཤོང་པའི་དཀའ་ངལ་ སེལ་ཐབས་འབད་ནི་ཚུ་ལུ་ དམིགས་ཏེ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *