༉ ཁ་ཙ་ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་གིས་ རྒྱལ་པོའི་ཞིང་ལུ་ བརྡ་དོན་འཕྲུལ་རིག་མཐོ་རིམ་སློབ་གྲྭ་གསརཔ་ འགོ་འབྱེད་གནང་པའི་སྐབས་ གསུངས་མིའི་ནང་ མཐོ་རིམ་སློབ་གྲྭ་གསརཔ་དེ་གིས་ མ་འོངས་པ་ལུ་ བརྡ་དོན་འཕྲུལ་རིག་ནང་ སློབ་ཕྲུག་ཚུ་ ཁྱད་རིག་ཅན་དང་ ལྕོགས་གྲུབ་ཅན་ བཟོ་ནི་ཨིན་ཟེར་ཨིན་པས།
འཛམ་གླིང་རྒྱལ་ཁབ་ཚུ་གིས་ བརྡ་དོན་འཕྲུལ་རིག་ཐོག་ལས་ དཔལ་འབྱོར་གོང་འཕེལ་བཏང་དོ་བཟུམ་སྦེ་ འབྲུག་རྒྱལ་ཁབ་ནང་ཡང་ བརྡ་དོན་འཕྲུལ་རིག་ཐོག་ལས་ ལཱ་འབད་དེ་ དཔལ་འབྱོར་ཡར་དྲག་གཏང་ཚུགས་པའི་ འོས་འབབ་སྦོམ་ཡོད་ཟེར་ བློན་ཆེན་གྱིས་གསུངས་ཡི།
ཤར་ཕྱོགས་རྫོང་ཁག་༦ ནང་ ལོ་༢ ཀྱི་ནང་འཁོད་ལུ་ མཐོ་རིམ་སློབ་གྲྭ་༤ གཞི་བཙུགས་འབད་མི་ཚུ་ཡང་ སྤྱི་ལོ་༢༠༡༥ ལུ་ བདེ་བ་ཐང་ བཟོ་རིག་མཐོ་རིམ་སློབ་གྲྭ་དང་ བཀྲིས་གཡང་རྩེ་བཟོ་རིག་བཅུ་གསུམ་མཐོ་རིམ་སློབ་གྲྭ་ རྒྱལ་པོའི་ཞིང་བརྡ་དོན་འཕྲུལ་རིག་མཐོ་རིམ་སློབ་གྲྭ་ དེ་ལས་ནངས་པར་ བཀྲིས་སྒང་ ཡོན་ཕུ་ལ་མཐོ་རིམ་སློབ་གྲྭ་ འགོ་འབྱེད་འབད་ནི་ཨིན་ཟེར་ བློན་ཆེན་གྱིས་གསུངས་ཡི།
མཐོ་རིམ་སློབ་གྲྭའི་གཙོ་འཛིན་ ལྷ་ཕྲུག་འཇམ་དཔལ་གྱིས་ སླབ་མིའི་ནང་ བརྡ་དོན་འཕྲུལ་རིག་མཐོ་རིམ་སློབ་གྲྭ་ལུ་བརྟེན་ ལོ་༤ དང་༥ འི་རྒྱབ་ལས་ འབྲུག་རྒྱལ་ཁབ་ནང་ བརྡ་དོན་འཕྲུལ་རིག་གི་ མཁས་མཆོག་ཚུ་ རྒྱལ་ཁབ་གཞན་ཁར་ལས་ འབོ་མ་དགོ་པར་ ནང་འཁོད་ལས་ བཏོན་ཚུགས་ཐབས་ལུ་ ལཱ་རྩ་འགེངས་འབད་ནི་ཨིན་ཟེར་ཨིན་པས།
དུས་ཅི་ སྤྱི་ཟླ་༧ པའི་ནང་ མཐོ་རིམ་སློབ་གྲྭ་ གཞི་བཙུགས་འབད་བའི་སྐབས་ སློབ་ཕྲུག་༧༩ ཡོད་མིའི་གྲས་ལས་ བུམོ་༤༠ དང་ བུཚ་༣༩ ཡོདཔ་བཞིན་དུ་ སློབ་དཔོན་༡༣ དང་ སློབ་གྲྭའི་ལས་བྱེདཔ་༣༠ དེ་ཅིག་ཡོདཔ་ད་ ད་ལྟོ་ འཆར་གཞིའི་ལས་སྣ་གུ་ བཟོ་སྐྲུན་གྱི་ལཱ་ཚུ་ འབད་དོ་ཡོདཔ་ཨིན་པས།
རྒྱལ་པོའི་ཞིང་སློབ་གྲྭ་ལྟེ་བ་དེ་ མཐོ་རིམ་སློབ་གྲྭ་གུ་ ཡར་སེང་འབད་བའི་སྐབས་ སློབ་ཕྲུག་དང་ སློབ་དཔོན་ དེ་ལས་ ས་གནས་ཁག་ལས་འོང་མི་ སློབ་ཕྲུག་ཚུ་ སློབ་གྲྭ་ལྟེ་བ་གཞན་ཚུ་ནང་ གཏང་དགོཔ་ཐོན་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༨ ལས་ སློབ་གྲྭ་ལྟེ་བ་དེ་ སྤོ་བཤུད་འབད་ནི་ཨིན་པས།
ཁ་ཙ་ བློན་ཆེན་མཆོག་གིས་ སྐྱེངས་མཁར་དང་ འགྱུར་མེད་རྒེད་འོག་༢ ཀྱི་ མི་སེར་ཚུ་དང་ མཇལ་ཕྲད་གནངམ་མ་ཚད་ ཕྱི་རུ་ རྒྱལ་པོའི་ཞིང་ལུ་ མཆོད་རྟེན་བཞེངས་མི་ དམག་མི་བགྲེསཔ་ཚུ་ལུ་ ལྟོ་ཁ་ཅིག་ཡང་ གནང་ཡོད་པའི་གནས་ཚུལ།
མོང་སྒར་ལས་ བཀྲིས་ཕུན་ཚོགས།