ས་གནས་གཏེར་ས་ཕུག་ལུ་ རྒྱལ་པོའི་ཞིང་དང་ ངང་ལམ་གྱི་གཞུང་ལམ་ རྩ་བ་ལས་ར་ འཕྱགས་བདའ་ཡོད་པའི་མཐོང་སྣང་།

རྒྱལ་པོའི་ཞིང་-ངང་ལམ་དང་ ངང་ལམ་-པདྨ་དགའ་ཚལ་གཞུང་ལམ་ འགྲུལ་བཀག་འབད་ཡོདཔ།

༉ རྒྱལ་པོའི་ཞིང་-ངང་ལམ་དང་ ངང་ལམ་-པདྨ་དགའ་ཚལ་གྱི་ གཞུང་ལམ་བསུབས་ཡོད་མི་དེ་ ད་ལྟོ་ཡང་ བསལ་མ་ཚུགསཔ་ལས་ སྣུམ་འཁོར་རྒྱུན་འགྲུལ་གྱི་དོན་ལུ་ བཀག་ཆ་འབད་ཡོདཔ་བཞིན་དུ་ གཞུང་ལམ་དེ་ ནམ་བསལ་ཚར་འོང་ག་ སླབ་མི་ཤེས་ནི་ཨིན་པས།
གཞུང་ལམ་དེ་ ངང་ལམ་ལས་ རྒྱལ་པོའི་ཞིང་ཁ་ཐུག་ ཀི་ལོ་མི་ཊར་༤༤ ཚུན་ བསུབས་ཡོད་མ་ཚད་ ས་ཁོངས་ཁག་༦ དེ་ཅིག་ནང་ འཁོར་ལམ་རྩ་བ་ལས་ར་ འཕྱགས་བདའ་ཡོདཔ་བཞིན་དུ་ ངང་ལམ་-པདྨ་དགའ་ཚལ་གྱི་ གཞུང་ལམ་དེ་ཡང་ མི་ཀུ་རི་དང་ ཡུ་རི་ཟམ་གྱི་བར་ན་ བསལ་མ་ཚར་བར་ཡོདཔ་ཨིན་པས།
ངང་ལམ་ལས་ ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་འགོ་དཔོན་འོགམ་ ཇའི་ཀུ་མར་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ གཞུང་ལམ་དེ་ ངང་ལམ་ལས་ རྒྱལ་པོའི་ཞིང་ཁ་ཐུག་ ཀི་ལོ་མི་ཊར་༤༤ ཚུན་ བསུབས་ཡོད་མི་ལས་ ཀི་ལོ་མི་ཊར་༣༦ ཚུན་ བསལ་ཚུགས་ཅི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་ལྟོ་སེལ་དགོཔ་ ལྷག་ལས་གཞུང་ལམ་ཀི་ལོ་མི་ཊར་༨ དེ་ཅིག་ཡོད་རུང་ ས་ཁོངས་ཁག་༦ དེ་ཅིག་ནང་ འཁོར་ལམ་རྩ་བ་ལས་ར་ འཕྱགས་བདའ་ཡོདཔ་མ་ཚད་ ས་ཁོངས་ཚུ་ཡང་ བྱག་གུ་འབད་ནི་དེ་གིས་ དུས་ཚོད་ག་དེམ་ཅིག་ འགོར་འོང་ག་ སླབ་མི་ཤེས་ནི་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོ་ཡང་ ས་ཁོངས་དེ་ནང་ ས་རུད་ཆད་དོ་ཡོད་པའི་ཁར་ བྱག་གུ་ལས་ འཁོར་ལམ་ེསལ་བའི་སྐབས་ བྱག་ཕུག་སྦེ་ འཐོན་སྡོད་སྲིད་ནི་ཨིནམ་ལས་ མ་འོངས་པར་ ཆད་ནིའི་ཉེན་ཁ་ཡོད་མི་ལུ་བརྟེན་ ག་དེ་སྦེ་ སེལཝ་དྲག་ག་ ཐབས་ལམ་ཚུ་ བལྟ་དགོཔ་ཁག་ཆེ་བས་ཟེར་ཨིན་པས།
ས་ཁོངས་དེ་ནང་ རྡོ་ཚུ་ཡང་ བུད་འོང་དོ་ཡོདཔ་ལས་ ལས་མི་ལ་སོགས་ཚུ་གི་ ཚེ་སྲོག་ལུ་ཡང་ ཉེན་ཁ་ཡོད་མི་ལུ་བརྟེན་ ལས་མི་ཚུ་གི་ ཉེན་སྲུང་ཡང་ བལྟ་དགོཔ་ཁག་ཆེ་བས་ཟེར་ཨིན་རུང་ འཕྲལ་མགྱོགས་ར་ སེལ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ ཇའི་ཀུ་མར་གྱིས་ བཤདཔ་ཨིན་པས།
དེ་བཟུམ་སྦེ་ ངང་ལམ་དང་ པདྨ་དགའ་ཚལ་གྱི་ གཞུང་ལམ་ཡང་ ས་ཁོངས་མང་རབས་ཅིག་ནང་ ས་རུད་ཀྱིས་ བསུབས་ཡོད་པའི་ཁར་ ས་ཁོངས་དག་པ་ཅིག་ནང་ འཁོར་ལམ་རྩ་བ་ལས་ར་ འཕྱགས་བདའ་ཡོདཔ་ལས་ ད་ལྟོའི་བར་ན་ཡང་ འགྲོ་འགྲུལ་བཀག་ཆ་འབད་དེ་ཡོདཔ་ཨིན་པས།
པདྨ་དགའ་ཚལ་ལས་ ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་འགོ་དཔོན་ པདྨ་གིས་ སླབ་མིའི་ནང་ པདྨ་དགའ་ཚལ་ལས་ ངང་ལམ་ཁ་ཐུག་ མཁོ་ཐག་པ་དང་ ཐོན་ཕུག་གི་བར་ན་ འཁོར་ལམ་རྩ་བ་ལས་ར་ འཕྱགས་བདའ་ཡོད་རུང་ ཁ་ཙ་ བསལ་ཚུགས་ཡོདཔ་བཞིན་དུ་ ད་རིས་ལས་ ཡུ་རི་ཟམ་ཚུན་ འགྲོ་འགྲུལ་འབད་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ པདྨ་དགའ་ཚ་ལས་ ཡུ་རི་ཟམ་ཚུན་ གཞུང་ལམ་དེ་ བསལ་ཚར་ཡོད་རུང་ ཡུ་རི་ཟམ་དང་ མི་ཀུ་རིའི་བར་ན་ ས་ཁོངས་མང་རབས་ཅིག་ནང་ འཁོར་ལམ་བསུབས་ཡོདཔ་ལས་ ནམ་བསལ་ཚར་འོང་ག་ ཏན་ཏན་མེདཔ་ཨིན་པས།
ཇའི་ཀུ་མར་གྱིས་ སླབ་མིའི་ནང་ ངང་ལམ་ལས་ པདྨ་དགའ་ཚལ་ཁ་ཐུག་ མི་ཀུ་རིའི་ལྟག་གི་ འཁོར་ལམ་ཚུན་ བསལ་ཚར་ཡོདཔ་བཞིན་དུ་ འཁོར་ལམ་སེལ་ནིའི་ལཱ་ཚུ་ འབད་བའི་བསྒང་ཡོད་རུང་ ལམ་བསལ་ཚུགས་ཚུགས་ལུ་ དུས་ཚོད་འགོར་ནི་ཨིནམ་ལས་ གཞུང་ལམ་དེ་གཉིས་ལས་ འགྲོ་འགྲུལ་འབད་ནི་དེ་ འཛེམ་གནང་ཟེར་ཨིན་པའི་གནས་ཚུལ།
སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *