རྒྱལ་པོའི་ཞིང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་ཚུ་ ཉིན་མའི་ལྟོ་ བཟེད་པའི་བསྒང་།

རྒྱལ་པོའི་ཞིང་སློབ་གྲྭ་ལྟེ་བ་ སང་ཕོད་ལས་ མཐོ་རིམ་སློབ་གྲྭ་ལུ་ རྩིས་སྤྲོད་འབད་དགོཔ།

༉ རྒྱལ་པོའི་ཞིང་སློབ་གྲྭ་ལྟེ་བ་དེ་ སང་ཕོད་ལས་ བརྡ་དོན་འཕྲུལ་རིག་མཐོ་རིམ་སློབ་གྲྭ་ལུ་ རྩིས་སྤྲོད་འབདཝ་ད་ ཀུར་རི་ཆུ་འབྲིང་རིམ་སློབ་གྲྭ་འོག་མའི་ནང་ སྤོ་བཤུད་འབད་དགོཔ་ འཐོན་ནི་ཨིནམ་ལས་ མི་སེར་ཚུ་ ཚ་གྱང་ལང་སྟེ་འདུག།
སློབ་གྲྭ་ལྟེ་བ་དེ་ སྤྱི་ལོ་༡༩༩༧ ལས་༢༠༡༥ ཚུན་ ལྟོ་ཐོབ་ཀྱི་ འབྲིང་རིམ་སློབ་གྲྭ་བར་མ་དང་ དེ་ལས་གོང་མ་ལུ་ ཡར་སེང་འབད་མི་དེ་གིས་ ས་གླིང་རྒེད་འོག་དང་ ཆ་གླིང་ རྩ་མང་ དགོངས་འདུས་ སི་ལམ་སྦིས་ རྩ་ཀ་གླིང་ འབྲས་སྤུངས་ སྐྱེངས་མཁར་ དེ་ལས་ འགྱུར་མེད་རྒེད་འོག་གི་ མི་སེར་ཚུ་ལུ་ ཁེ་ཕན་བྱུང་སྡོད་ནུག།
ལྷག་པར་དུ་ སྤྱི་ལོ་༢༠༡༦ ལས་འགོ་བཙུགས་ རྒྱལ་པོའི་ཞིང་འབྲིང་རིམ་སློབ་གྲྭ་གོང་མ་དེ་ སློབ་གྲྭ་ལྟེ་བ་སྦེ་ བཟོ་བའི་ཤུལ་ སློབ་ཕྲུག་སྟོང་ཕྲག་ལས་བཅད་མི་ཚུ་གིས་ སློབ་གྲྭ་ལྟེ་བའི་ གཞི་རྟེན་མཐུན་རྐྱེན་ཚུ་ ལོངས་སྤྱོད་དེ་ ཤེས་ཡོན་ལྷབ་ཚུགས་ནུག།
ཨིན་རུང་ གཞུང་གིས་ སློབ་གྲྭ་ལྟེ་བ་དེ་ མཐོ་རིམ་སློབ་གྲྭ་ལུ་ ཡར་སེང་འབད་དགོ་པའི་ སྙན་ཞུ་ལྷོད་ཞིནམ་ད་ ན་ཧིང་ བརྡ་དོན་འཕྲུལ་རིག་མཐོ་རིམ་སློབ་གྲྭ་ གཞི་བཙུགས་དོན་ལུ་ སློབ་རིམ་༡༡ པ་དང་༡༢ པའི་ སློབ་ཁང་དང་ བུམོ་ཚུ་གི་ཉལ་ཁང་ ཚན་རིག་དང་དཔེ་མཛོད་ཁང་མིག་ དབུ་འཛིན་དང་ སློབ་དཔོན་ཚུ་གི་ཡིག་ཚང་ དེ་ལས་ སྤྱི་དོན་ཁང་ཚུ་ རྩིས་སྤྲོད་འབད་ནུག།
ད་ཚུན་ རྒེད་འོག་༩ གི་ མི་སེར་སོ་ནམ་པའི་ ཨ་ལོ་ཚུ་ ཐག་རིང་སར་འགྱོ་མ་དགོ་པར་ དཔེ་ཆ་ལྷབ་ནིའི་ གོ་སྐབས་ཐོབ་ཡོདཔ་མ་ཚད་ སློབ་གྲྭ་ལྟེ་བའི་མཐུན་རྐྱེན་ཚུ་ཐོབ་སྟེ་ སློབ་ཕྲུག་དང་ ཕམ་༢ ཆ་ར་ལུ་ ཁེ་ཕན་སྦོམ་བྱུང་ནུག།
ཁྲི་དྭངས་སྦིས་ལས་ རིག་འཛིན་རྡོ་རྗེ་གིས་ སླབ་མིའི་ནང་ མཐོ་རིམ་སློབ་གྲྭ་ གཞི་བཙུགས་འབད་མི་དེ་ལུ་ མ་ དགའཝ་མེད་རུང་ སློབ་གྲྭ་ལྟེ་བ་དེ་ རང་འཇགས་བཞག་ནི་ཡོད་པ་ཅིན་ མི་སེར་ཉམ་ཆུང་ཚུ་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
རྩ་མང་རྒེད་འོག་གི་ མི་སེར་ཚུ་གིས་ བསམ་འཆར་བཀོད་མིའི་ནང་ ཨ་རྟག་འབད་བ་ཅིན་ རྩ་མ་སློབ་གྲྭ་ཆུང་བ་ལས་ མཐར་འཁྱོལ་མི་ སློབ་ཕྲུག་ཚུ་ རྒྱལ་པོའི་ཞིང་སློབ་གྲྭ་ལྟེ་བའི་ནང་ འཛུལ་ཞུགས་འབད་དོ་ཡོད་རུང་ དུས་ཅི་སློབ་རིམ་༧ པའི་ནང་ འཛུལ་ནིའི་གོ་སྐབས་བྱིན་མ་བཏུབ་ལས་ ལཱ་ཁག་རྐྱབ་ཅི་ཟེར་ཨིན་པས།
རྒྱལ་པོའི་ཞིང་སློབ་གྲྭ་ལྟེ་བའི་ དབུ་འཛིན་གནས་བརྟན་ལྷ་མོ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༩ ལུ་ སློབ་གྲྭ་ལྟེ་བ་དེ་ ཀུར་རི་ཆུ་སློབ་གྲྭ་ནང་ སྤོ་བཤུད་འབདཝ་ད་ སློབ་ཁང་དང་ སྒྲིང་ཁྱིམ་གཞན་ཚུ་ མཐོ་རིམ་སློབ་གྲྭ་ལུ་ རྩིས་སྤྲོད་འབད་ནི་སྦེ་ མཐོ་རིམ་སློབ་གྲྭའི་བདག་སྐྱོང་དང་ སློབ་གྲྭ་ལྟེ་བའི་བདག་སྐྱོང་གི་བར་ན་ གན་ཡིག་བཟོ་ཡི་ཟེར་ཨིན་པས།
དབུ་འཛིན་གྱིས་འབད་བ་ཅིན་ གལ་སྲིད་ ཀུར་རི་ཆུ་ལུ་ སློབ་ཁང་༡༢ འབད་མི་ སློབ་གྲྭའི་ཁང་མིག་དང་ བདག་སྐྱོང་ཡིག་ཚང་ ཚན་རིག་ཁང་མིག་ཚུ་ མཇུག་བསྡུ་མ་ཚུགས་པ་ཅིན་ ག་ཅི་འབད་ནི་ཨིན་ན་ ཤེས་རྟོགས་མེད་རུང་ གཞུང་དང་འཁྲིལ་ཏེ་ ཕྱག་ཞུ་ནི་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ བརྡ་དོན་འཕྲུལ་རིག་མཐོ་རིམ་སློབ་གྲྭའི་གཙོ་འཛིན་ ལྷ་ཀྲུ་འཇམ་དཔལ་གྱིས་ སླབ་མིའི་ནང་ མ་གཞི་ ཤེས་རིག་ལྷན་ཁག་དང་ རྒྱལ་གཞུང་གཙུག་ལག་སློབ་སྡེ་གཉིས་ཀྱི་བར་ན་ གན་ཡིག་བཟོ་མི་དང་འཁྲིལ་བ་ཅིན་ སློབ་གྲྭ་ལྟེ་བ་ སྤོ་བཤུད་འབད་དགོཔ་ཨིན་ཟེར་ཨིན་པས།
ད་རེས་ སློབ་གྲྭ་ལྟེ་བའི་ནང་ སློབ་ཕྲུག་༩༤༠ ལྷགཔ་ཅིག་དང་ སློབ་དཔོན་༥༠ དེ་ལས་ ཡིག་ཚང་ལས་རོགསཔ་༢༨ དེ་ཅིག་ ཡོད་པའི་གནས་ཚུལ།

རྒྱལ་པོའི་ཞིང་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *