རྒྱལ་པོའི་ཞིང་དང་ ངང་ལམ་བར་ནའི་གཞུང་ལམ་ མཐུད་སྦྲེལ་འབད་ནི་ལུ་ ལཱ་ཤུགས་བཏོན་པའི་བསྒང་།

རྒྱལ་པོའི་ཞིང་དང་ ངང་ལམ་བར་ནའི་གཞུང་ལམ་ འཕྲལ་མགྱོགས་ར་ མཐུད་སྦྲེལ་འབད་ནི།

༉ ད་ལྟོ་ཚུན་ རྒྱལ་པོའི་ཞིང་དང་ ངང་ལམ་བར་ནའི་གཞུང་ལམ་ མཐུད་སྦྲེལ་འབད་ནི་ལུ་ སག་ལང་སྟེ་སྡོད་མི་དེ་ དུས་ཅི་ སྤྱི་ཟླ་༡ པ་དང་༢ པའི་ནང་ གྲུབ་འབྲས་འབྱུང་ཚུགས་ནི་ཨིན་པས།
དེ་ཡང་ གཞུང་ལམ་ཕྱོགས་༢ ཆ་ལས་ ཀུར་རི་གོང་རི་འཛོམས་སར་ ལྷོད་མི་དང་ མི་ཊར་༧༠ འབད་མི་ ལྕགས་ཟམ་བརྒྱ་ཆ་༨༠ དེ་ཅིག་ བཟོ་སྐྲུན་མཇུག་བསྡུ་སྟེ་ཡོདཔ་ལས་ ལམ་སེལ་ལས་ཁུངས་ཀྱིས་ སྤྱི་ཟླ་༢ པ་ལས་ གཞུང་ལམ་དེ་ལས་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་ཚུགས་ནི་ལུ་ བློ་བདེ་ཡོད་མི་ལུ་བརྟེན་ཨིན་པས།
ཨིན་རུང་ གཞུང་ལམ་གུ་ རྩི་ནག་གཏང་ནིའི་ལཱ་དེ་ འཆར་གཞི་༡༡ པ་ མཇུག་བསྡུ་ཁམས་ལུ་མ་གཏོགས་ འབད་མི་ཚུགས་ནི་ཨིནམ་ད་ གཞུང་ལམ་དེ་ཡང་ འཆར་གཞི་༩ པའི་ནང་ སེལ་ནི་འགོ་བཙུགས་ཡོདཔ་ཨིན་པས།
ད་རེས་ནངས་པར་ ཀུར་རི་གོང་རི་འཛོམས་སའི་ལྟག་ལུ་ གྲངས་མེད་ཆུའི་གུ་ལས་ ལྗིད་ཚད་མེ་ཊིག་ཊཱོན་༡༨-༢༤ འབད་མི་ ལྕགས་་ཟམ་དེ་གི་ གཞི་རྟེན་གྱི་ལཱ་ཚུ་ འབད་བའི་བསྒང་ཡོདཔ་ད་ གལ་སྲིད་ ཟམ་དེ་ བཟོ་སྐྲུན་འབད་ཚར་བའི་བསྒང་ལས་ ངང་ལམ་ཁ་ཐུག་ལས་ ཀི་ལོ་མི་ཊར་༤༣.༩༧ དང་ རྒྱལ་པོའི་ཞིང་ལས་ ཀི་ལོ་མི་ཊར་༣༣.༤༢ འབད་མི་ གཞུང་ལམ་དེ་ སྦྲེལ་མཐུད་འབད་ཚུགས་ནི་ཨིན་པས།
བཟོ་རིག་གཙོ་འཛིན་འགོ་དཔོན་གྱིས་ སླབ་མིའི་ནང་ མ་གཞི་ གཞུང་ལམ་དེ་ སྤྱི་ལོ་༢༠༡༧ གྱི་ཟླཝ་༡༢ པའི་ནང་ མཇུག་བསྡུ་དགོཔ་ཨིན་རུང་ ངང་ལམ་ཁ་ཐུག་ལས་ འཁོར་ལམ་མི་ཊར་༧༠༠ དེ་ཅིག་ མཐོ་སུ་ཡོད་མི་དེ་ མར་ཕབ་འབད་བའི་སྐབས་ དུས་ཡུན་འགོར་ཡོད་རུང་ ད་རེས་ འཁོར་ལམ་ནང་ བསྒོར་ལྟབ་ཅིག་བཟོ་ཐོག་ལས་ མར་ཕབ་འབད་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས རྒྱལ་པོའི་ཞིང་ཁ་ཐུག་ལས་ ཆུ་༢ འཛོམས་ས་ཚུན་ འཁོར་ལམ་སེལ་ཚར་ཡོདཔ་བཞིན་དུ་ ཀི་ལོ་མི་ཊར་༢༤ དེ་ཅིག་ནང་ རྩི་ནག་ཡང་ བཏང་ཚར་ཏེ་ཡོདཔ་ད་ ད་ལྟོ་ ངང་ལམ་ཁ་ཐུག་ལས་ འཁོར་ལམ་ཀི་ལོ་མི་ཊར་༡ ལྷགཔ་ཅིག་དང་ རྒྱལ་པོའི་ཞིང་ལས་ ཀི་ལོ་མི་ཊར་༧ རྐྱངམ་གཅིག་ རྩི་ནག་གཏང་ནི་ཡོད་མི་དེ་ཡང་ ལྷན་ཁག་གིས་ སྤྱི་ཟླ་༦ པའི་ནང་ མཇུག་བསྡུ་ནི་ལུ་ དམིགས་གཏད་བསྐྱེད་དེ་ཡོད་ཟེར་ཨིན་པས།
སྤྱི་ལོ་༢༠༡༤ གི་ཟླཝ་༡༡ པའི་ནང་ གཞུང་ལམ་སེལ་མི་ ཁག་འབགཔ་གིས་ ཁག་འབགཔ་གི་ཁྲིམས་ལས་འགལ་མི་ལུ་བརྟེན་ ལཱ་འབད་ནི་ལས་ བཏོན་བཏང་པའི་ཤུལ་ལུ་ ལམ་སེལ་ལས་ཁུངས་ཀྱིས་ འབད་ནི་འགོ་བཙུགས་ཡོདཔ་བཞིན་དུ་ ཟམ་དེ་ བཟོ་སྐྲུན་འབད་ཚར་བའི་བསྒང་ལས་ དེ་འཕྲོ་ལས་ འགོ་འབྱེད་འབད་ནི་ཨིན་ཟེར་ ལུང་བསྟན་རྒྱ་མཚོ་གིས་ བཤདཔ་ཨིན་པས།
ད་རེངས་ནངས་པར་ ངང་ལམ་དང་ རྒྱལ་པོའི་ཞིང་གཞུང་ལམ་གུ་ ལམ་སེལ་ལས་ཁུངས་ཀྱི་ འཕྲུལ་ལས་ལག་ལེན་པ་དང་ ལས་མི་ དེ་ལས་ ཁག་འབག་གི་ལས་མི་༧༨ དེ་ཅིག་གིས་ ལམ་སེལ་གྱི་ ལཱ་ཚུ་འབད་བའི་བསྒང་ཡོདཔ་ཨིན་པས།
ཀི་ལོ་མི་ཊར་༧༧.༣༩ འབད་མི་ རྒྱལ་པོའི་ཞིང་དང་ ངང་ལམ་གཞུང་ལམ་དེ་ཡང་ སྤྱི་ལོ་༢༠༠༦ ལུ་ རྒྱ་གར་གཞུང་གིས་ དངུལ་ཀྲམ་ཐེར་འབུམ་༡.༠༢ གྲོགས་རམ་བྱིན་ཐོག་ལས་ སེལ་ནི་འགོ་བཙུགས་ཡོད་རུང་ འཁོར་ལམ་དང་ ཟམ་བཟོ་སྐྲུན་འབད་ནི་ མཇུག་བསྡུཝ་ད་ ཟད་འགྲོ་བསྡོམས་ དངུལ་ཀྲམ་ཐེར་བུམ་༢.༤ དེ་ཅིག་ གནས་ནི་ཨིནམ་བཞིན་དུ་ གཞུང་ལམ་དེ་ནང་ ཟམ་མི་ཊར་༡༢ དང་༥༠ འབད་མི་༡༢ ཡོད་མིའི་གྲས་ལས་ རིང་ཤོས་ར་ སོག་པོ་རོང་ཆུའི་ཟམ་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *