རྒྱལ་གཞུང་ལྟ་བཤལ་དང་མགྲོན་སྐྱོང་གཙུག་སྡེ་ ཐ་དད་བཟོ་ནིའི་ཐབས་ལམ།

༉ འབྲུག་ལྟ་བཤལ་ཚོགས་སྡེ་འོག་ལུ་ འཛིན་སྐྱོང་འཐབ་སྟེ་ཡོད་མི་ རྒྱལ་གཞུང་ལྟ་བཤལ་དང་མགྲོན་སྐྱོང་གཙུག་སྡེ་དེ་ ཐ་དད་བཟོ་ནིའི་དོན་ལུ་ ལྷན་རྒྱས་གཞུང་ཚོགས་ཀྱིས་ གཞུང་ལས་ མ་དངུལ་གྱི་ རྒྱབ་སྐྱོར་མེད་པར་ ལག་ལེན་འཐབ་དགོཔ་སྦེ་ བསམ་བཀོད་འབདཝ་ཨིན་པས།

དེ་མ་ཚད་ གཙུག་སྡེ་དེ་ ཞི་གཡོག་འོག་ལུ་མེན་པར་ རང་དབང་ཐོག་ལུ་ འཛིན་སྐྱོང་འཐབ་དགོཔ་སྦེ་ སླབ་སྟེ་ཡོདཔ་ཨིན་པས།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཧེ་མ་ ལྷན་རྒྱས་གཞུང་ཚོགས་ལུ་ རྒྱལ་གཞུང་ལྟ་བཤལ་དང་མགྲོན་སྐྱོང་གཙུག་སྡེ་དེ་ འབྲུག་ལྟ་བཤལ་ཚོགས་སྡེ་ལས་ ཐ་དད་བཟོ་དགོ་པའི་ གྲོས་འཆར་ཕུལ་ཡོད་པའི་ཁར་ ཚོགས་སྡེའི་ ལས་ཚོགས་གོང་འཕེལ་ལག་ལེན་གྱི་ སྙན་ཞུ་ནང་ཡང་ ཚོགས་སྡེ་ལས་ སོ་སོར་བཏོན་དགོཔ་སྦེ་བཀོད་ནུག།

སྤྱི་ལོ་༢༠༡༦ དང་༢༠༡༩ འི་ ལས་ཚོགས་གོང་འཕེལ་ལག་ལེན་སྙན་ཞུ་ནང་ རྒྱལ་གཞུང་ལྟ་བཤལ་དང་མགྲོན་སྐྱོང་གཙུག་སྡེ་དེ་ འབྲུག་ལྟ་བཤལ་ཚོགས་སྡེ་ལས་ ཐ་དད་བཟོ་དགོ་པའི་ གྲོས་འདེབས་ཕུལ་ཏེ་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༩ ལུ་ ལྟ་བཤལ་ཚོགས་སྡེའི་ ཞལ་འཛོམས་ཐེངས་༣ པ་འཚོགས་པའི་སྐབས་ འབྲུག་ལྟ་བཤལ་ཚོགས་སྡེའི་དྲུང་ཆེན་ཡིག་ཚང་ལུ་ སོ་སོར་བཟོ་ནི་གི་ མཐའ་བཅད་གྲོས་འཆར་ བཙུགས་དགོ་པའི་ བཀའ་རྒྱ་གནང་སྟེ་ཡོདཔ་ཨིན་པས།

ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ཆེན་ སངས་རྒྱས་གྲུ་པ་གིས་ མ་གཞི་ སྤྱི་ཟླ་༥ པའི་ཚེས་༡༡ ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ ཞལ་འཛོམས་ཐེངས་༩༢ པའི་ནང་ གནད་དོན་དེ་གི་སྐོར་ གྲོས་བསྟུན་བྱུང་ཡོད་རུང་ ཐ་དད་བཟོ་ནི་ལུ་ ཐག་བཅད་མ་ཚུགས་ཟེར་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ རྒྱལ་གཞུང་ལྟ་བཤལ་དང་མགྲོན་སྐྱོང་གཙུག་སྡེ་དེ་ གཞུང་གི་མ་དངུལ་ བྱིན་ཐོག་ལས་ རང་དབང་ཅན་གྱི་ གཙུག་སྡེ་ཅིག་སྦེ་ བཟོ་ནི་གི་ གྲོས་འཆར་བཙུགས་ཡོད་རུང་ ལྷན་རྒྱས་གཞུང་ཚོགས་ཀྱི་འཐུས་མི་ཚུ་གིས་ གཞུང་ལས་མ་དངུལ་གྱི་ རྒྱབ་སྐྱོར་མེད་རུང་ འཛིན་སྐྱོང་འཐབ་ཚུགསཔ་སྦེ་ ཚོར་སྣང་བྱུང་ནུག་ཟེར་ཨིན་པས།

དེ་འབདཝ་ལས་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ནད་བསྐྱར་དུ་ གཙུག་སྡེ་དེ་ རང་དབང་ཅན་གྱི་ གཙུག་སྡེ་ཅིག་སྦེ་ ལག་ལེན་འཐབ་ནི་ཨིན་ན་ ཡང་ཅིན་ གཞུང་གི་མ་དངུལ་རྒྱབ་སྐྱོར་ཐོག་ལས་ བཞག་སྟེ་འབད་རུང་ ལཱ་འགན་ལ་ལོ་ཅིག་ བསྒྱུར་བཅོས་འབད་ནིའི་ འོས་འབབ་བལྟ་དགོཔ་སྦེ་ ཐག་བཅད་ཅི་ཟེར་ དྲུང་ཆེན་གྱིས་ བཤདཔ་ཨིན་པས།

ད་རེས་ ལྷན་རྒྱས་གཞུང་ཚོགས་ཀྱིས་ འབྲུག་ལྟ་བཤལ་ཚོགས་སྡེའི་ བཀོད་ཚོགས་ཀྱི་ ཁྲི་འཛིན་དང་ ཕྱི་འབྲེལ་བློན་པོ་ཌོག་ཊར་ རྟ་མགྲིན་རྡོ་རྗེ་ལུ་ འབྲེལ་ཡོད་ལས་སྡེ་ཚུ་དང་ གྲོས་བསྟུན་འབད་དེ་ ལཱ་འགན་གྱི་ གཞི་བཀོད་བཟོ་ནིའི་ ཐབས་ལམ་ཚུ་ བཏོན་དགོ་པའི་ཁར་ འཕྲལ་མགྱོགས་ར་ ཕྱི་འབྲེལ་བློན་པོ་གིས་ ལྷན་རྒྱས་གཞུང་ཚོགས་ལུ་ སྙན་ཞུ་ཕུལ་དགོཔ་སྦེ་ བཀའ་རྒྱ་གནང་ཡོདཔ་བཞིན་དུ་ དེ་གི་ཤུལ་ལས་ ལྷན་རྒྱས་གཞུང་ཚོགས་ནང་ ད་རུང་ གྲོས་བསྟུན་འབད་དེ་ ཐ་དད་བཟོ་ནི་ལུ་ ཐག་བཅད་འོང་ཟེར་ བཀའ་རྒྱ་ནང་བཀོད་ནུག།

གལ་སྲིད་ རྒྱལ་གཞུང་ལྟ་བཤལ་དང་མགྲོན་སྐྱོང་གཙུག་སྡེ་དེ་ རང་དབང་ཅན་ཅིག་ལུ་ འགྱུར་སོ་པ་ཅིན་ ཞི་གཡོག་ལས་ ཐ་དད་སྦེ་ འགྱོ་འོང་ཟེར་ དྲུང་ཆེན་གྱིས་ བཤདཔ་ཨིན་པས།

རང་དབང་ཅན་གྱི་ གཙུག་སྡེ་ཅིག་སྦེ་ བཟོ་ཚུགས་པ་ཅིན་ འབྲུག་ལྟ་བཤལ་ཚོགས་སྡེའི་འོག་ལུ་ ད་རེས་འབད་མ་ཚུགས་མི་དེ་ འབད་ཚུགས་ནི་ཨིན་མི་དེ་ཡང་ དམིགས་བསལ་དུ་ འབྲེལ་ཡོད་ལྟ་བཤལ་ལས་སྡེ་ལས་ ལེགས་སྦྱར་བ་ཚུ་ འཐོབ་ནི་ལུ་ འོས་འབབ་སྦོམ་ཡོདཔ་ཨིན་པས།

རྒྱལ་གཞུང་ལྟ་བཤལ་དང་མགྲོན་སྐྱོང་གཙུག་སྡེ་དེ་ འབྲུག་ལྟ་བཤལ་ཚོགས་སྡེ་འོག་ལས་ ཐ་དད་བཟོ་ནི་གི་ གྲོས་འཆར་བཙུགས་མིའི་ གནད་དོན་གཙོ་བོ་ར་ འཆར་དངུལ་ལུ་བརྟེན་ཨིནམ་ད་ ད་རེས་ གཙུག་སྡེ་ནང་ འཆར་དངུལ་ལེགས་ཤོམ་དགོཔ་ཡོདཔ་ལས་ འཛིན་སྐྱོང་འཐབ་ནི་ལུ་ གདོང་ལེན་བྱུང་སྟེ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *