རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ སྟག་རྩེའི་ལེགས་སྦྱར་བ་ཚུ་གི་ འདོད་སྤྱོད་གནོད་འཚེའི་ བརྒལ་ལན་ཕུལ་ཡོདཔ།

༉ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ སྟག་རྩེ་སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭའི་ ལེགས་སྦྱར་བ་ཚུ་གི་ ཞིབ་དཔྱད་སྙན་ཞུ་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་བཏང་པའི་ཤུལ་ལས་ གནད་དོན་གཞན་ག་ར་ ཕྱིར་བཏོན་འབད་བའི་མཐའ་མར་ བརྡབ་གསིག་འཁྲིགས་ཆགས་ཅིག་ལུ་ ཆ་བཟུང་དགོ་པའི་ ལམ་སྟོན་བྱིན་ཡོད་རུང་ ཚར་གཅིག་ལུ་ ཉེས་འཛུགས་ཕྱིར་བཏོན་འབད་དགོ་པའི་སྐོར་ འབད་རྩོལ་གཞན་ཅིག་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ བཅའ་ཁྲིམས་ནང་མེདཔ་ལས་ གནད་དོན་དེའི་སྐོར་ལས་ རྩོད་དཔོན་ཡོང་ཁྱབ་ཡིག་ཚང་གིས་ ར་ཁུངས་ཁ་གསལ་བཀལ་དགོ་པའི་ ཞུ་བ་ཕུལ་ཡི།
དེ་ཡང་ སྤྱི་ཟླ་༡༠ པའི་ཚེས་༡ ལུ་ འགག་སྡེའི་ཁ་ཐུག་ལས བརྒལ་ལན་ཕུལ་བའི་སྐབས་ལུ་ཞུ་ཡོདཔ་ད་ དེ་དང་འབྲེལ་ ཁྲིམས་རྩོདཔ་གིས་ ལེགས་སྦྱར་བ་ཚུ་གིས་ ལན་ཕུལ་མིའི་ནང་ སྤ་རོ་ལས་ཨིན་མི་ ཉེས་འཛུགས་ཅན་ ལེགས་སྦྱར་བ་བགྲེསཔ་གིས་ བརྒལ་ལན་ནང་ ཉམས་རྒུདཔ་བུམོ་དེ་ མཛར་ཅུམ་བཟའ་བར་འགྱོ་བའི་སྐབས་ ཁོ་གི་ སྣུམ་འཁོར་ནང་ཚུད་ནུག་ཟེར་མི་དེ་ མི་བདེན་ཟེར་ཨིན་པས།
དེ་ཡང་ ཉམས་རྒུདཔ་བུམོ་དེ་ མཛར་ཅུམ་བཟའ་བར་འགྱོ་བའི་ སློབ་ཁང་ནང་ལས་མེན་པར་ ཁོ་རའི་ དམིགས་བསལ་གྱི་མགྱོནམ་སྦེ་ འབོ་ཡོདཔ་ལས་ མནོ་བཞིན་བསམ་བཞིན་འབད་ནུག་ཟེར་ཨིན་པས།
དེ་མ་ཚད་ སྒང་སྟེང་མགོན་པ་ལུ་ ཕྱི་རུ་༢ པའི་སྐབས་ མེ་སྒོར་སྦོ་ལོགས་ཁར་ ག་ཅི་འབད་ཡོདཔ་ཨིན་ན་ ཉེས་འཛུགས་ཅན་གྱིས་མ་བཀོདཔ་ལས་ སྒྲུབ་བྱེད་སྙན་གསན་སྐབས་ ལྟག་སྐོར་གུ་ འུ་ཤུལ་ཡོད་མི་ཚུ་ ཕུལ་འོང་ཟེར་ཨིན་པས།
དེ་བཟུམ་སྦེ་ མཐོ་རིམ་སློབ་གྲྭ་ནང་ལྷོད་ཞིནམ་ལས་ ཉིནམ་དག་པ་ཅིག་གི་རྒྱབ་ལས་ ཁོ་གི་ སྣུམ་འཁོར་ནང་བཙུགས་ཏེ་ ཁྱིམ་ནང་ཁྱིད་འགྱོ་མི་ཚུ་ དུས་དང་བསྟུན་ ཁྲིམས་འདུན་ལུ་ ཕུལ་ནི་ཟེར་ཞུ་ཡི།
ཉེས་འཛུགས་ཅན་གྱིས་ བུམོ་ཚུ་ལུ་ སེན་མོ་བཏབ་པའི་སྐབས་ སློབ་ཕྲུག་བུམོ་མང་ཤོས་ ཨེ་ཙི་འོག་ལུ་ སེན་མོ་བཏབ་པའི་སྐབས་ ཨོམ་དཀྲོགས་ཡོདཔ་ལས་ མི་གི་གདོང་ཁར་ བྱ་སྟབས་མ་བདེ་ཁག་ཁ་སྦེ་ ངོ་ཚ་བཅུག་ཡོདཔ་ལས་ ཁོ་ར་ སློབ་དཔོན་ཤ་ཚ་ཅན་གྱི་ རྣམ་གཞག་མེན་པར་ སློབ་ཕྲུག་བུམོ་ཚུ་གིས་ བརྡབ་གསིག་གི་འཁྲིགས་ཆགས་ཚོར་ནུག་ཟེར་ཞུ་ཡི།
ཉེས་འཛུགས་ཅན་གྱི་ བརྒལ་ལན་སྐབས་ ཆང་ཕུད་སྦེ་བྱིན་ཡོདཔ་སྦེ་ཞུ་མི་ལུ་ ཆང་ཕུད་དེ་ ཁ་ནང་བླུག་བྱིན་སྲོལ་ ག་དེ་སྦེ་ཡོདཔ་ཨིན་ནའི་ ཆ་བཟུང་དགོཔ་ད་ བུམ་ཐང་ལུ་ བུམོ་ཅིག་ལུ་ ཆང་ཁ་ནང་བླུག་བྱིན་པའི་སྐབས་ སྦོ་ལོགས་ཁར་གྱི་བུམོ་གིས་ཡང་ མོ་སེམས་མ་དགའཝ་སྦེ་ མཐོང་ཡོད་པའི་ཁར་ མོ་གིས་ མི་འཐུང་ཟེར་སླབ་རུང་ དབང་བཙོང་ཐོག་ལས་ ཁ་ནང་བླུག་པའི་སྐབས་ ཇེ་ཀེཊ་གུ་ཕོག་ཡོད་པའི་ཁར་ སློབ་ཕྲུག་གཞན་ཚུ་གིས་ ངག་བརྗོད་ནང་བཀོད་དེ་ཡོད་ཟེར་ ཞུ་ཡི།
དེ་ལས་ སློབ་ཕྲུག་ཚུ་གིས་ ཟུར་ཐེབས་སློབ་ཚན་དེ་ ཨིན་ཅི་མེན་ཅི་ འོང་དགོ་ག་ཟེར་ དྲི་བའི་སྐབས་ ཉེས་འཛུགས་ཅན་གྱིས་ རང་སོའི་ བློ་འདོད་དང་བསྟུན་ཨིན་ཟེར་ སླབ་ཡོད་རུང་ ཤུལ་ལས་ སྒེར་དོན་གྱི་གནད་དོན་ལུ་ ཆ་བཞག་སྟེ་ དུས་ཡུན་ཆུ་ཚོད་༡ དེ་ཅིག་ ཚོགས་བརྡ་བཏང་་ནུག་ཟེར་ཞུ་ཡི།
ཉེས་འཛུགས་ཅན་གྱིས་ སློབ་ཕྲུག་ཚུ་ ཟུར་ཐེབས་སློབ་ཚན་ནང་ ཤོག་ཟེར་སླབ་པའི་སྐབས་ འདོད་སྤྱོད་པར་བརྙན་བལྟ་བར་ཤོག་ཟེར་བ་དང་ དབང་བཙོང་ལུས་འབྲེལ་འབད་ནིའི་དོན་ལུ་ཤོག་ཟེར་ སླབ་མེན་ཟེར་ སླབ་མ་ཚད་ བུམོ་ཚུ་ སློབ་གྲྭ་མཐར་འཁྱོལ་ཞིནམ་ལས་ ཐིམ་ཕུག་ལུ་ སྨད་ཚོང་མ་སྦེ་སྡོད་འོང་ཟེར་ སླབ་མི་ལུ་བརྟེན་ སློབ་ཕྲུག་ཚུ་ སེམས་མ་དགའ་བའི་སྒྲུབ་བྱེད་ སློབ་ཕྲུག་ག་ར་གིས་ བཀོད་དེ་ཡོད་ཟེར་ཨིན་པས།
དབང་འདུས་ལས་ཨིན་མི་ ཉེས་འཛུགས་ཅན་ ལེགས་སྦྱར་བ་བགྲེསཔ་དེ་ སྒེར་པ་བུམོ་ཅིག་གི་ ཁྱིམ་ནང་སོང་ཞིནམ་ལས་ ལགཔ་བཟུང་སྟེ་ སྦོ་ལོགས་ཁར་སྡོད་བཅུག་པ་མ་ཚད་ ཁ་ནང་རྡོག་མ་ལྟེམ་ལྟེ་བཙུགས་ཏེ་ འུ་བཀལ་ནུག་ཟེར་ཞུ་ཡི།
ཉམས་རྒུདཔ་བུམོ་དེ་གི་ ཁོ་འཕུད་བཏང་ཞིནམ་ལས་ ཁྱིམ་ཚང་ཆ་རོགས་བུཚ་འབད་སར་ སོང་ཞིནམ་ལས་ ལོ་རྒྱུས་ག་ར་སླབ་ཡོདཔ་ལས་ བུཚ་དང་ཉམས་རྒུད་པའི་ ངག་བརྗོད་༢ མཐུན་ཏོག་ཏོ་ཕུལ་ཡོདཔ་མ་ཚད་ ཉེས་འཛུགས་ཅན་གྱི་ བརྒལ་ལན་སྐབས་ བུམོ་གི་ཁྱིམ་ནང་ སོང་ཡོདཔ་མ་ཚད་ མོ་གི་ རྟིང་བདའ་སོང་ཡོད་པའི་ ཁ་བཟེད་ཡི་ཟེར་ཞུ་ཡི།
ཉེས་འཛུགས་ཅན་གྱིས་ བརྒལ་ལན་སྐབས་ ཁོ་རའི་ཆ་རོགས་དེ་ ཁྱིམ་ཚང་བུཚ་གི་ཁྱིམ་ནང་ སྒྲ་སྙན་དཀྲོགས་པར་སོང་ཡི་ཟེར་ཞུ་མི་ལུ་ ཁྲིམས་རྩོད་པའི་ཁ་ཐུག་ལས་ ཆ་རོགས་དེ་ སྒྲ་སྙན་དཀྲོགས་པར་ ཁྱིམ་ནང་མེན་པར ཕྱི་ཁར་ཨིནམ་མ་ཚད་ བུམོ་དེ་གི་ ཇ་འཐུང་པར་ཤོག་ཟེར་ སླབ་སླབ་མེདཔ་མ་ཚད་ བུམོ་དེ་གིས་ ཁོ་ཁྱིམ་ནང་འཛུལ་བའི་སྐབས་ སློབ་དཔོན་ཅིག་ཨིནམ་ལས་ ག་ཅི་ཡང་ མི་འབད་འོང་མནོ་རུང་ ཁོ་གིས་ སྦོ་ལོགས་ཁར་སྡོད་བཅུགཔ་མ་ཚད་ འུ་བཀལ་ཡོདཔ་ ངེས་བདེན་ཨིན་ཟེར་ཞུ་ཡི།
ཉེས་འཛུགས་ཅན་གྱིས་ བུམ་ཐང་ལུ་ ཕྱི་རུ་ལྟོ་ཟ་ཞིནམ་ལས་ ཞབས་ཁྲ་རྐྱབ་སྡོད་པའི་སྐབས་ ཁོ་ར་ ཆབ་གསང་ལས་ལོག་པའི་ལམ་ཁར་ ཉམས་རྒུདཔ་བུམོ་དེ་ ཉལ་ཁང་ནང་འགྱོཝ་ད་ ཁ་ཐུག་རྐྱབ་ཅི་ཟེར་བཀོད་མི་དེ་ རྫུན་གཏམ་ཨིན་ཟེར་ཞུ་ཡི།
དེ་ཡང་ ཁྲིམས་རྩོདཔ་གིས་འབད་བ་ཅིན་ ཞབས་ཁྲ་རྐྱབ་ཚར་བའི་ཤུལ་ ག་ར་ ཉལ་བར་འགྱོ་བའི་སྐབས་ ཉེས་འཛུགས་ཅན་གྱིས་ བུམོ་དེ་ ས་གོ་གནག་དུང་དུ་ཁ་ཐུག་ འཐེན་ཡོདཔ་ད་ ཁོ་གིས་ བཀོད་དོ་བཟུམ་འབད་བ་ཅིན་ བུམོ་དེ་ མེ་སྒོར་ཁ་ཐུག་ ཞབས་ཁྲ་རྐྱབ་སར་ འཁྱིད་དགོ་པའི་ གནས་སྟངས་འདུག་ཟེར་ཨིནམ་ད་ ཁོ་གིས་ མོ་འཐེན་ཡོད་པའི་ རྫུན་ཁ་བཟེད་ཡོདཔ་ད་ འཐེན་པའི་སྐབས་ ལྟག་ལྐོག་སྐྱོར་ཏེ་ ཨི་ཙི་འོག་ལས་ འཐེན་ནུག་ཟེར་ཞུ་ཡི།
ཉེས་འཛུགས་ཅན་གྱི་ སློབ་ཕྲུག་བུམོ་ཅིག་གི་ཁྱིམ་ནང་ ལས་འགུལ་དག་བཅོས་འབད་བའི་ཤུལ་ ཕྱི་རུ་ཉལ་བའི་ནམ་དུས་ལུ་ བུམོ་༣ དང་ བུཚ་༡ ས་ཁར་ཉལ་བའི་སྐབས་ མི་ཤོང་པའི་ཚ་གྱང་ལང་སྟེ་༡ ཁོ་དང་གཅིག་ཁར་ ཉལ་བར་ཤོག་ཟེར་ སླབ་ཡོདཔ་ཨིན་པ་ཅིན་ ཁོང་༣ ལས་བུཚ་དེ་ ཤོག་ཟེར་སླབ་དགོཔ་མ་གཏོགས་ ག་འབད་རུང་ཅིག་ཤོག་ སླབ་དགོ་པའི་ གནད་དོན་མེད་པའི་ཁར་ ལས་འགུལ་ལ་སོགས་པ་ཚུ་ སློབ་ཁང་དང་གཞན་འོས་ལྡན་གྱི་ ས་གོ་བཞག་སྟེ་ ཁྱིམ་ནང་འགྱོ་དགོ་པའི་ དོན་དག་མིན་འདུག་ཟེར་ཞུ་ཡི།
ཉེས་འཛུགས་ཅན་གྱི་ སློབ་ཕྲུག་བུམོ་༡ གི་ ཉལ་སའི་ཁང་མིག་ནང་སོང་སྟེ་ བུམོ་དེ་གི་ གདོང་དཀྲོགས་མི་དེ་ ངེས་བདེན་ཨིན་ཟེར་ཞུ་ཡི།
དེ་ཡང་ ཉེས་འཛུགས་ཅན་གྱི་ཁ་ཐུག་ལས་ གཞན་ག་ལུ་ཡང་མེན་པར་ དམིགས་བསལ་དུ་ བུམོ་དེ་ དཀྲོགས་དགོ་པའི་རྒྱུ་མཚན་དང་ བུམོ་གི་ ཁང་མིག་ནང་འཛུལ་དགོ་པའི་ དོན་དག་བཀོད་ནི་མིན་འདུག་ཟེར་ཨིན་པས།
དེ་ལས་ ཉམས་རྒུད་པའི་ཁ་ཐུག་ལས་ འཛུམ་བྱིན་མ་བཏུབ་པའི་སྐབས་ རྩིགཔ་ཟ་སྟེ་ ཁོ་ར་ ཕྱི་ཁར་ཐོན་ཞིནམ་ལས་ སྐད་རྐྱབ་ཐོག་ འབད་བཞག་ཁམས་ལོག་སི་སི་ བཏོན་ཡོདཔ་མ་ཚད་ སློབ་དཔོན་གྱི་འགན་ཁུར་དང་འབྲེལ་བའི་ བསླབ་སྟོན་འབད་ནི་ཕར་བཞག་ སློབ་ཕྲུག་ཚུ་གིས་ སློབ་དཔོན་དེ་སྦེ་མ་མཛད་ཟེར་ སླབ་དགོཔ་ཐོན་ནུག་ཟེར་ཨིན་པས།
ཉེས་འཛུགས་ཅན་གྱི་ བརྒལ་ལན་སྐབས་ བུམོ་གི་ལྟག་ལྐོག་གུ་བཟུང་སྟེ་ ཁོ་དང་གཉེན་རྐྱབ་པ་ཅིན་ ཚོང་ཁང་བཙུགས་བྱིན་གེ་ཟེར་བའི་ གནད་དོན་ལུ་ ཁུངས་ཁ་གསལ་བཀོད་བཀོདཔ་མེདཔ་ལས་ ཁུངས་གསལ་མེད་པའི་ཆ་བཞག་དགོཔ་ད་ འགག་སྡེ་ཞུ་མི་དེ་ ངེས་བདེན་ཨིནམ་མ་ཚད་ ཁུངས་བཀལ་ནི་ཡོད་ཟེར་ཞུ་ཡི།
ཉེས་འཛུགས་ཅན་༣ གྱི་ བརྒལ་ལན་དེ་ སྤྱི་ཟླ་༡༠ པའི་ཚེས་༡༠ ལུ་ ཕུལ་ནི་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *