རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ འབྲུག་གི་བཙོན་ཁང་བཅའ་ཁྲིམས་ བསྟར་སྤྱོད་མ་འབད་བར་ཡོདཔ།

༉ འབྲུག་གི་བཙོན་ཁང་བཅའ་ཁྲིམས་༢༠༠༩ ཅན་མ་དེ་ གཞུང་གིས་ འཕྲི་སྣོན་མཛད་དེ་ ལོ་ངོ་༡༠ ལང་སོ་རུང་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ བཅའ་ཁྲིམས་ནང་གི་ དོན་ཚན་ལ་ལོ་ཅིག་ ད་ལྟོའི་བར་ན་ཡང་ བསྟར་སྤྱོད་འབད་མ་བཏུབ་ཨིན་པས།

དེ་ཡང་ འདས་པའི་ཟླཝ་ནང་ གསར་བཏོན་འབད་མི་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ ལོ་བསྟར་སྙན་ཞུ་སྤྱི་ལོ་༢༠༡༨ ཅན་མའི་ནང་ གསལ་སྟོན་འབད་དེ་འདུག།

རྒྱལ་གཞུང་རྩིས་ཞིབ་དབང་འཛིན་དང་འཁྲིལཝ་ད་ བཙོན་པ་ཚུ་ལུ་ རིན་མེད་སྟོང་པའི་མཐུན་རྐྱེན་ དཔེ་འབད་བ་ཅིན་ ལྟོ་རྒྱགས་དང་ གྱོན་ཆས་ ཉལ་ཆས་ འཁྱུ་ཆས་ གཙང་སྦྲ་དང་འབྲེལ་བའི་དངོས་ཆས་ཚུ་ སྤྲོད་དགོཔ་སྦེ་ བཙོན་པའི་ཟིན་བྲིས་སྒྲིག་གཞི་དང་ བཅའ་ཁྲིམས་ཚུ་ནང་ འཁོད་དེ་འདུག་ཟེར་ཨིན་པས།

ཁྲིམས་སྲུང་འགག་སྡེ་གིས་ འབྲུག་གི་བཙོན་ཁང་བཅའ་ཁྲིམས་༢༠༠༩ ཅན་མའི་དགོངས་དོན་ཚུ་ བསྟར་སྤྱོད་ འབད་མ་ཚུགས་མི་དེ་ཡང་ རྒྱལ་གཞུང་འབྲུག་གི་འགག་སྡེ་ལྟེ་བའི་ནང་ འགན་འཁྲི་འབག་ནི་ལུ་ འཐུས་ཤོར་བྱུང་ནུག་ཟེར་ སྙན་ཞུ་ནང་ བཀོད་ནུག།

བཙོན་པ་ཚུ་ལུ་ མཐུན་རྐྱེན་ཚུ་ སྤྲོད་དགོཔ་ཨིན་ཟེར་ འཕྲི་སྣོན་བཅའ་ཁྲིམས་དེ་གི་ ལེའུ་༦ པའི་ནང་ བཀོད་ཡོདཔ་ཨིན་པས།

རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ལས་ བཙོན་པའི་ཞབས་ཏོག་སྡེ་ཚན་གྱིས་ ཐིམ་ཕུག་ལྕམ་སྒང་ལུ་ཡོད་པའི་ བཙོན་པ་ཚུ་ ཞིབ་དཔྱད་འབད་བའི་སྐབས་ བཅའ་ཁྲིམས་དང་ སྒྲིག་གཞི་གི་དགོངས་དོན་ཚུ་དང་འཁྲིལ་ མཐུན་རྐྱེན་ཚུ་ མཁོ་སྒྲུབ་འབད་ཞིནམ་ལས་ སྤྲོད་མ་བཏུབ་པའི་ ཤེས་རྟོགས་བྱུང་ཡི་ཟེར་ཨིན་པས།

ཁྲིམས་སྲུང་འགག་སྡེ་གིས་ བཅའ་ཁྲིམས་དང་ སྒྲིག་གཞི་ཚུ་གི་དགོངས་དོན་ཚུ་དང་བསྟུན་ ཞབས་ཏོག་སྤྲོད་མ་བཏུབ་ལས་ ཞིབ་དཔྱད་སྡེ་ཚན་གྱིས་ གཞི་བཞག་སྟེ་ ངེས་བརྟན་སྒྲུབ་བྱེད་བཏོན་མ་ཚུགསཔ་སྦེ་ བཀོད་ནུག།

བཙོན་པའི་ཟིན་བྲིས་བཅའ་ཁྲིམས་དང་ སྒྲིག་གཞི་སྤྱི་ལོ་༢༠༡༥ ཅན་མ་དེ་ ད་ལྟོའི་བར་ན་ཡང་ ཟིན་བྲིས་སྦེ་ བཞག་སྟེ་འདུག་ཟེར་ཨིན་པས།

བཙོན་པའི་འགོ་དཔོན་ཚུ་གིས་ བཀོད་དོ་བཟུམ་འབད་བ་ཅིན་ ཟིན་བྲིས་བཅའ་ཁྲིམས་དེ་ ད་ལྟོའི་བར་ན་ཡང་ ཟིན་བྲིས་སྦེ་ཡོད་མི་ལུ་བརྟེན་ ཞབས་ཏོག་མཁོ་སྤྲོད་འབད་མ་ཚུགས་ཟེར་ ཨིན་པས།

འགོ་དཔོན་ཚུ་གིས་ བཤད་མིའི་ནང་ ད་ལྟོ་མཁོ་སྒྲུབ་འབད་དེ་ གྱོན་ཆས་དང་ ཉལ་ཆས་ཚུ་ བཙོན་པ་ཚུ་ལུ་ བྱིན་མི་དེ་ བཅའ་ཁྲིམས་དེ་གི་དོན་ཚན་༤༨ པའི་དགོངས་དོན་དང་ ཟིན་བྲིས་༢༠༡༥ འི་ སྒྲིག་གཞི་དང་ བཅའ་ཁྲིམས་ཀྱི་ དོན་ཚན་༡༡༠ དང་འཁྲིལ་ སྤྲོད་ཡི་ཟེར་ཨིན་པས།

དེ་བཟུམ་སྦེ་ བཙོན་པའི་མཐུན་རྐྱེན་ཚུ་ མཁོ་སྒྲུབ་འབདཝ་ད་ ངེས་བརྟན་མེད་མི་དེ་ཡང་ ཉིནམ་གཅིག་ནང་ བཙོན་པ་ག་དེ་སྦེ་ འོང་དོ་ཡོདཔ་ཨིན་ན་དང་ གནས་སྟངས་དང་འཁྲིལ་ མང་ཉུང་སྦེ་ མཁོ་སྤྲོད་འབད་དོ་ཟེར་ཨིན་པས།

ཁྲུས་ཆས་དང་ གཙང་སྦྲ་དང་འབྲེལ་བའི་དངོས་ཆས་ཚུ་ མཁོ་སྒྲུབ་འབད་དེ་ བཙོན་པ་ཚུ་ལུ་ སྤྲོད་མི་དེ་ཡང་ བཙོན་པའི་ཟིན་བྲིས་སྒྲིག་གཞི་དང་ བཅའ་ཁྲིམས་༢༠༡༥ དང་འཁྲིལ་ཨིན་ཟེར་ བཀོད་ནུག།

རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ བཀོད་དོ་བཟུམ་འབད་བ་ཅིན་ བཙོན་པའི་ཟིན་བྲིས་སྒྲིག་གཞི་དང་ བཅའ་ཁྲིམས་༢༠༡༥ ཅན་མ་དེ་ ཆ་གནས་མེད་པར་ བཞག་དགོ་པའི་བདེན་ཁུངས་བཀོད་མི་ཨིནམ་མ་ཚད་ ད་ལྟོ་ཚུན་ ཟིན་བྲིས་སྦེ་ བཞག་དགོ་པའི་ཁུངས་ག་ཅི་ཨིན་ན་ཟེར་ ཨིན་པས།

ལྷག་པར་དུ་ རྩིས་ཞིབ་དབང་འཛིན་གྱིས་ ཁྲིམས་སྲུང་འགག་སྡེའི་ བཙོན་པའི་ཞབས་ཏོག་སྡེ་ཚན་གྱིས་ བཙོན་པའི་ ཟིན་བྲིས་སྒྲིག་གཞི་དང་ བཅའ་ཁྲིམས་༢༠༡༥ ཅན་མ་དེ་ འཕྲི་སྣོན་མཛད་དེ་ བཅའ་ཁྲིམས་གུ་ བསྒྱུར་བཅོས་འབད་ནིའི་དོན་ལུ་ འབྲེལ་ཡོད་དབང་འཛིན་ཚུ་དང་ གྲོས་བསྟུན་འབད་དགོཔ་ གལ་ཆེ་ཟེར་ སླབ་ནུག།

སྙན་ཞུ་ནང་ གསལ་སྟོན་འབད་མིའི་ནང་ བཙོན་པའི་སྒྲིག་གཞི་དང་ ལམ་ལུགས་དེ་གིས་ ད་ལས་ཕར་ ལཱ་འབདཝ་ད་ ཕན་ནུས་ཅན་སྦེ་འགྱོ་ཚུགས་ནི་དང་ འཛིན་སྐྱོང་ཡང་ གང་དྲགས་སྦེ་འཐབ་ཚུགས་པའི་ འོས་ལྡན་ཡོད་ཟེར་ ཨིན་པས།

རྩིས་ཞིབ་དབང་འཛིན་གྱིས་ གསལ་སྟོན་འབད་མི་ སྙན་ཞུ་དང་འཁྲིལ་བ་ཅིན་ རྒྱལ་གཞུང་འབྲུག་གི་འགག་སྡེ་ལྟེ་བ་གིས་ ངོས་ལེན་འབད་མི་ཡང་ གསལ་བཀོད་འབད་མི་ མཐུན་རྐྱེན་མཁོ་སྒྲུབ་འབད་མི་དེ་ ཐོ་ཡིག་མང་ཉུང་དང་འཁྲིལ་མེན་པར་ གཞན་ལས་མཁོ་སྒྲུབ་འབད་ཡོདཔ་སྦེ་ ཨིན་པས།

དེ་ཡང་ དངུལ་ཀྲམ་༦༦,༠༠༠ གནས་པའི་ ཁྲིམས་སྲུང་འགག་སྡེའི་ བཟའ་ཚང་ཚུ་གི་དོན་ལུ་ སྡོད་ཁྱིམ་བཟོ་སྐྲུན་ཚུ་ཡང་ བསམ་གྲུབ་ལྗོངས་མཁར་དང་ བསམ་གྲུབ་ཆོས་གླིང་ འཇིགས་མེད་གླིང་ དེ་ལས་ བཀྲིས་ དགའ་ཚལ་ཚུ་གི་དོན་ལུ་ ལག་ལེན་འཐབ་ནུག།

བཟའ་ཚང་ཚུ་གི་ གསང་སྤྱོད་དོན་ལུ་ ཆུ་མཛོད་ཁང་ཚུ་ མ་གཞི་ རྒྱ་ནག་གིས་བཟོ་ཡོད་མི་ ཆུ་མཛོད་ཁང་མཁོ་ སྒྲུབ་འབད་དགོཔ་ཨིན་རུང་ བཟོ་སྐྲུན་ཁག་འབགཔ་གིས་ གྱིབ་ཤོག་གི་ཆུ་མཛོད་ ལག་ལེན་འཐབ་ནུག་ཟེར་ བཀོད་ནུག།

རིན་བསྡུར་ཚོགས་ཆུང་གིས་ མཁོ་སྒྲུབ་མཐུན་རྐྱེན་སོར་ནིའི་དོན་ལུ་ གནང་བ་མ་ལེན་པའི་ཁར་ ཁྲིམས་སྲུང་འགག་པའི་འཛིན་སྐྱོང་པ་གིས་ མཐུན་རྐྱེན་སོར་མིའི་ གོང་ཚད་ཞིབ་འཚོལ་ མཐིལ་ཕྱིན་འབད་མ་བཏུབ་པས་ཟེར་བཀོད་ནུག།

ལྷག་པར་དུ་ བཟོ་སྐྲུན་གྱི་ལཱ་མཇུག་བསྡུ་བའི་ཤུལ་ལས་ གྲུབ་འབྲས་དང་ ཡིག་རིགས་ཚུ་ ཕར་ཚུར་སྤྲོད་པའི་སྐབས་ ཚོགས་ཆུང་གིས་ ངོས་ལེན་དང་ ངོས་འཛིན་འབད་དེ་འདུག་ཟེར་ ཨིན་པས།

ཨིན་རུང་ ཁྲིམས་འགག་པ་གིས་ བཀོད་དོ་བཟུམ་འབད་བ་ཅིན་ རྒྱ་ནག་གིས་ བཟོ་ཡོད་པའི་ཆུ་མཛོད་ཚུ་ ཁྲོམ་སྡེའི་ཚོང་ཁང་ཚུ་ལས་ འཐོབ་མ་ཚུགསཔ་མ་ཚད་ རྒྱ་གར་ས་མཚམས་ཀྱི་ ཚོང་ཁང་ཚུ་ལས་ཡང་ འཐོབ་མ་ཚུགས་ནི་དེ་གིས་ གྱིབ་ཤོག་ལག་ལེན་འཐབ་ཡོདཔ་སྦེ་ ཨིན་པས།

དབང་འཛིན་དང་འཁྲིལ་བ་ཅིན་ འཇིགས་མེད་གླིང་ སློབ་སྦྱོང་ཁང་བཟོ་སྐྲུན་དང་ རིན་ཆེན་ལྡིང་ཞིབ་དཔྱད་སྒོ་ རའི་ས་ཁོངས་ནང་ གནས་སྐབས་ཀྱི་ བཟའ་ཚང་སྡོད་ཁྱིམ་བཟོ་སྐྲུན་འབད་མི་ཚུ་ དུས་ཚོད་ནང་ མཇུག་བསྡུ་མ་ ཚུགས་པས་ཟེར་ཨིན་པས།

དེ་བཟུམ་སྦེ་ ལུང་ཟོར་ལུ་ སྒྲིང་ཁྱིམ་བཟོ་སྐྲུན་འབད་མི་དེ་ དུས་ཚོད་ནང་ མཇུག་བསྡུ་མ་ཚུགས་རུང་ ལྕམ་སྒང་གི་ བཙོན་པའི་ཞབས་ཏོག་སྡེ་ཚན་གྱིས་ དུས་ཐེབས་སྤྲོད་ནུག་ཟེར་ ཨིན་པས།

རྩིས་ཞིབ་དབང་འཛིན་གྱིས་ ཁྲིམས་སྲུང་འགག་སྡེ་ལུ་ བཀོད་བྱ་བྱིན་མི་དང་འཁྲིལ་བ་ཅིན་ ལུང་ཕྱོགས་ཚུ་གི་ བཟོ་སྐྲུན་གྱི་ལཱ་དང་ ལས་རིམ་ཚུ་ ལྟ་རྟོག་དང་ བརྡ་དོན་ཚུལ་བཞིན་དུ་འབད་དགོ་པའི་ཁར་ འཛོལ་བ་ཐོན་མི་ཚུ་ཡང་ འགན་འཁྲི་བཀོལ་དགོཔ་མ་ཚད་ མ་འོངས་པའི་དོན་ལུ་ སྒྲིག་གཞི་དང་ ལམ་ལུགས་ལུ་ གནས་ཚུགསཔ་འབད་དགོ་ཟེར་ བཀོད་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *