རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་བགྲེསཔ་ལུ་ ཉེས་བཤེར་འབད་དགོ་པའི་ཞུ་བ།

༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ འབྲུག་རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་བགྲེསཔ་ རྣམ་རྒྱལ་ལྷུན་གྲུབ་ལུ་ མ་དངུལ་ལྐོག་ཟའམ་ ལོག་སྤྱོད་འབད་བའི་ རྩོད་དོན་དེ་ལུ་ ཉེས་བཤེར་འབད་ནི་གི་ འོས་འབབ་ལོག་བལྟ་དགོཔ་སྦེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ ཡི་གུ་བཏང་ནུག།
དེ་ཡང་ སྤྱི་ཟླ་༧ པའི་ཚེས་༥ ལུ་ རྩོད་དཔོན་ཡོངས་ཁྱབ་ ཤེས་ར་ལྷུན་གྲུབ་ཀྱིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཁྲི་འཛིན་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ཁ་ཐུག་ལས་ མ་དངུལ་ལྐོག་ཟའི་ རྩོད་དོན་དེ་ལུ་ བསྐྱར་ཞིབ་མཐིལ་ཕྱིན་འབད་བའི་སྐབས་ རྣམ་རྒྱལ་ལྷན་གྲུབ་ལུ་ ཉེས་བཤེར་འབད་ནི་གི་ འོས་ཁུངས་མ་མཐོངམ་ལས་ རྩོད་དོན་བཤོལ་བཞག་འབད་བའི་སྐོར་ ཡི་གུ་བྲིས་མིའི་ལན་ལུ་ཨིན་པས།
སྤྱི་ཟླ་༨ པའི་ཚེས་༢༣ ལུ་ ལྷན་ཚོགས་ཀྱི་ཁྲི་འཛིན་ ཀུན་ལེགས་གཡང་འཛོམས་ཀྱིས་ རྩོད་དཔོན་ཡོངས་ཁྱབ་ལུ་བྲིས་མི་ ཡི་གུ་དེ་ནང་ ཞིབ་དཔྱད་སྐབས་ལུ་ རྩོད་དོན་ནང་ འབྲེལ་གཏོགས་ཡོད་མི་ ངོ་རྐྱང་ཚུ་ལུ་ གནད་དོན་ཚུ་གི་སྐོར་ལས་ ཁ་གསལ་སླབ་ནི་གི་ གོ་སྐབས་མ་བཏུབ་བཏུབ་སྦེ་ བྱིན་ཡོདཔ་མ་ཚད་ བཀོད་ཁྱབ་གཙོ་འཛིན་བགྲེསཔ་ལུ་ཡང་ ཁུངས་བསྐྱལ་ནི་གི་ གོ་སྐབས་ཚུ་ བྱིན་ཡི་ཟེར་བཀོད་ནུག།
དེ་གིས་མ་དོ་བར་ གནད་དོན་ཚུ་ ནན་བསྐྱར་དུ་ དབྱེ་དཔྱད་དང་ བདེན་དཔྱད་འབད་ཞིནམ་ལས་ ཞིབ་དཔྱད་ཀྱི་ གྲུབ་འབྲས་ཚུ་ ཞིབ་དཔྱད་ཚོགས་ཆུང་གི་ ཞལ་འཛོམས་ནང་ བཙུགས་པའི་མཐའ་མར་ ཁྲིམས་བཤེར་འབད་ནི་གི་ འོས་འབས་ཡོད་མི་ཚུ་རྐྱངམ་གཅིག་ ཞིབ་དཔྱད་ཚོགས་ཆུང་དང་ ལྷན་ཚོགས་ཀྱིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཏང་ཡི་ཟེར་བཀོད་ནུག།
ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༡༧ ཟླ་༡༢ པའི་ཚོས་༢༩ ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ ཞིབ་དཔྱད་སྙན་ཞུ་བཏང་མི་དེ་ནང་ བཀོད་ཁྱབ་གཙོ་འཛིན་བགྲེསཔ་གིས་ ལས་སྡེའི་Ex-Gratia Fund ཟེར་ ཉེན་བཅོལ་སྲིད་བྱུས་ནང་མ་ཚུད་པའི་ གྱོང་རྒུད་ཕོག་མི་ཚུ་ལུ་ སྤྲོད་ནི་གི་ མ་དངུལ་དང་ བཀོད་ཁྱབ་གཙོ་འཛིན་གྱི་ མི་མང་མཐུན་འབྲེལ་མ་དངུལ་ (CEO’s PR fund) ལས་ དངུལ་ཀྲམ་༢༣༧,༩༠༧ འཛིན་སྐྱོང་ཚོགས་ཆུང་ལས་ གནང་བ་མེད་པར་བཏོན་ཏེ་ ལོག་སྤྱོད་འབད་ནུག་ཟེར་བཀོད་ནུག།
ལྷན་ཚོགས་ཀྱིས་ བཀོད་ཁྱབ་གཚོ་འཛིན་བགྲེསཔ་ལུ་ སྤྱི་གཡོགཔ་གིས་ རྒྱབ་སྣོན་ཡིག་ཆ་དང་ འབྱོར་འཛིན་ཡི་གུ་བཏོན་ནི་མེདཔ་ལས་ གནད་དོན་ཁག་༧ ནང་ མ་དངུལ་ལོག་སྤྱོད་འབད་བའི་ ཉེས་འཛུགས་བཀལ་དགོཔ་སྦེ་ གྲོས་འདེབས་བཀོད་ཡོདཔ་ཨིན་པས།
རྩོད་དོན་བཤོལ་བཞག་གི་གནད་ཁུངས།
རྩོད་དཔོན་ཡོངས་ཁྱབ་ཀྱིས་འབད་བ་ཅིན་ མ་དངུལ་ཁག་སོ་སོའི་ནང་ ཟད་འགྲོ་གཏང་ནིའི་དོན་ལུ་ འབྲུག་རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱི་ བཀོད་ཚོགས་ཀྱིས་ འཆར་དངུལ་གྱི་ དབྱེ་སྡེ་ཁག་༦ ཆ་འཇོག་གྲུབ་ཡོདཔ་བཞིན་དུ་ དེ་ནང་Ex-Gratia Fund དང་ CEO’s PR fund མ་དངུལ་༢ ཚུད་ཡོདཔ་ད་ མ་དངུལ་དང་པ་ལས་ མ་དངུལ་འཛིན་གྲོལ་འབད་ནིའི་དོན་ལུ་ བཀོད་ཁྱབ་གཙོ་འཛིན་དང་ བཀོད་ཁྱབ་མདོ་ཆེན་ དེ་ལས་ ལས་ཁུངས་ཁག་སོ་སོའི་ ཡོངས་ཁྱབ་འཛིན་སྐྱོང་པ་༥ ཡོད་མི་ འཛིན་སྐྱོང་སྡེ་ཚན་གྱིས་ གནང་བ་འགྲུབ་དགོཔ་ཨིན་པས།
མ་དངུལ་གཉིས་པའི་ཐད་ཁར་ བཀོད་ཁྱབ་གཙོ་འཛིན་གྱིས་ ཞལ་འདེབས་ལ་སོགས་པ་ བྱིན་ཐོག་ལས་ མི་སྡེ་དང་འབྲེལ་བའི་ ལས་འཛིན་གྱི་ འགན་ཁུར་འགྲུབ་ཐབས་ལུ་ མ་དངུལ་ལག་ལེན་གྱི་ དབང་ཚད་ཧྲིལ་བུ་ཡོད་རུང་ འཆར་དངུལ་དབྱེ་སྡེ་ནང་འཛོལ་ཏེ་ བཀོད་མི་ལུ་བརྟེན་ བྱ་སྒོའི་རིམ་པ་ཚུ་ནང་ ནོར་འཁྲུལ་ཞུགས་མི་དེ་ཡང་ བཀོད་ཁྱབ་གཙོ་འཛིན་གྱི་ སྐུ་སྒེར་ལས་རོགསཔ་གིས་ མི་མང་མཐུན་འབྲེལ་མ་དངུལ་འཛིན་གྲོལ་གྱི་དོན་ལུ་ འཆར་དངུལ་དབྱེ་སྡེ་གཞན་ནང་ བཀོད་ཐོག་ལས་ འབད་ནུག་ཟེར་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ རྩོད་དོན་ལུ་ ཉེས་བཤེར་འབད་ནི་གི་ འོས་འབབ་མེད་པའི་ ཡི་གུ་བཏང་མི་དེ་ནང་བཀོད་ནུག།
སྤྱིར་བཏང་བདག་སྐྱོང་ལས་ཁུངས་དང་ འཛིན་སྐྱོང་གི་ འགོ་འཛིན་ཚུ་གིས་ མི་མང་མཐུན་འབྲེལ་ མ་དངུལ་ནང་ལས་མེན་པར་Ex-Gratia Fund ལས་ གནང་བ་གྲུབ་སྟེ་ མ་དངུལ་འཛིན་གྲོལ་འབད་ཡོདཔ་ད་ ལམ་ལུགས་དང་འཁྲིལ་བ་ཅིན་ འཛིན་སྐྱོང་སྡེ་ཚན་གྱིས་ ཆ་འཇོག་འབད་ཞིནམ་ལས་རྐྱངམ་གཅིག་ འཛིན་གྲོལ་འབད་དགོཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ གནད་དོན་དེ་ལུ་ གཞི་བཞག་སྟེ་ རྣམ་རྒྱལ་ལྷུན་གྲུབ་ལུ་ སྤྱི་གཡོགཔ་གིས་ མ་དངུལ་ལྐོག་ཟ་འབད་བའི་ ཁ་ཉེས་བཀལ་ནུག་ཟེར་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ ཡི་གུ་ནང་ བཀོད་པའི་ཁར་ འཆར་དངུལ་དབྱེ་སྡེ་སོ་སོའི་ནང་འཛོལ་ཏེ་ གསལ་བཀོད་འབད་མིའི་སྐོར་ བཀོད་ཁྱབ་གཙོ་འཛིན་ལུ་ སྙན་ཞུ་མ་འབད་བའི་ཁར་ ཁོ་གི་སྐུ་སྒེར་ལས་རོགས་ལུ་ཡང་ ནོར་བཅོས་འབད་དགོཔ་སྦེ་ མ་སླབ་པས་ཟེར་བཀོད་ནུག།
རྒྱལ་གཞུང་ཉེན་བཅོས་ལས་འཛིན་གྱི་ འབྲེལ་ཡོད་འགོ་དཔོན་ཚུ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ མཉམ་འབྲེལ་ཐོག་ལས་ཕུལ་མི་ ཡི་གུའི་ནང་ མ་དངུལ་འཛིན་གྲོལ་དང་ ལག་ལེན་གྱི་ཐད་ལུ་ བཀོད་ཁྱབ་གཙོ་འཛིན་ལུ་ འགན་འཁྲི་བཀལ་ཐབས་མེད་མི་དེ་ཡང་ འབྲེལ་ཡོད་འགོ་དཔོན་ཚུ་གི་ འཐུས་ཤོར་ལུ་བརྟེན་ཏེ་ འཛིན་སྐྱོང་སྡེ་ཚན་ལས་ གནང་བ་མེད་པར་ མ་དངུལ་འཛིན་གྲོལ་འབད་ནི་དེ་གིས་ཨིནམ་སྦེ་ བཀོད་ཡོདཔ་ཨིན་པས།
དེ་གིས་མ་དོ་བར་ བཀོད་ཁྱབ་གཙོ་འཛིན་གྱིས་ཡང་ ཁོ་རའི་ངག་བརྗོད་ཚུ་ནང་ མ་དངུལ་ཚུ་ བཀོད་ཁྱབ་གཙོ་འཛིན་གྱི་ མི་མང་མཐུན་འབྲེལ་མ་དངུལ་ནང་ལས་ འཛིན་གྲོལ་འབད་དགོཔ་ཅིག་ཨིན་པའི་སྐོར་དང་ ཁོ་གི་སྐུ་སྒེར་ལས་རོགས་ ཡང་ཅིན་ འབྲེལ་ཡོད་འགོ་དཔོན་གཞན་ཚུ་ལུ་ ex-gratia fund མ་དངུལ་ལས་ བཏོན་དགོ་པའི་སྐོར་ སླབ་སླབ་མེདཔ་སྦེ་ར་ བཀོད་ནུག་ཟེར་ཨིནམ་ད་ འབྲེལ་ཡོད་འགོ་དཔོན་ཚུ་གིས་འབད་རུང་ འདི་བཟུམ་འཛིན་གྲོལ་འབད་དགོཔ་སྦེ་ བཀོད་ཁྱབ་གཙོ་འཛིན་གྱིས་ ཁ་བཀོད་བྱིན་བྱིནམ་མེད་ཟེར་ སླབ་མི་ལས་ བདེན་ཁུངས་གསལ་སྟོན་འབདཝ་མས་ཟེར་ རྩོད་དཔོན་ཡོངས་ཁྱབ་ཀྱིས་བཀོད་ནུག།
ཉེས་བཤེར་འབད་ནིའི་འོས་ཁུངས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ བཀོད་མིའི་ནང་ འབྲེལ་ཡོད་འགོ་དཔོན་ཚུ་གིས་ ཞིབ་དཔྱད་སྐབས་ ངག་བརྗོད་བྱིན་མིའི་ནང་ གོང་ལུ་བཀོད་མི་ གནད་དོན་སྐོར་ལས་ གསལ་བཀོད་འབད་འབདཝ་མེད་པའི་ཁར་ སྐུ་སྒེར་ལས་རོགསཔ་གིས་ མ་དངུལ་ཚུ་ བཀོད་ཁྱབ་གཙོ་འཛིན་གྱི་ བཀོད་རྒྱ་དང་འཁྲིལ་ བཏོན་ཡོདཔ་མ་ཚད་ གནང་བའི་ཡི་གུ་ཚུ་ཡང་ དེ་སྦེ་ར་ བཟོ་ཡོདཔ་སྦེ་བཀོད་དེ་ཡོད་ཟེར་ཨིན་པས།
ད་རུང་ བཀོད་ཁྱབ་གཙོ་འཛིན་ལུ་ མི་མང་མཐུན་འབྲེལ་མ་དངུལ་ནང་ལས་ ཞལ་འདེབས་དང་ ལྷན་ཐབས་འབད་ནིའི་དོན་ལུ་ མ་དངུལ་འཛིན་གྲོལ་གྱི་ དབང་ཆ་ཧྲིལ་བུ་ཡོད་རུང་ མ་དངུལ་ཚུ་ ལག་ལེན་འཐབ་མིའི་ རྩིས་ཐོ་མ་བཞག་མི་ ཡང་ཅིན་ གནད་དོན་ག་ཅི་ལུ་བརྟེན་ ལག་ལེན་འཐབ་ཡོདཔ་ཨིན་ན་ ཡིག་ཆ་དང་ གནས་ཐོ་བཏོན་མ་ཚུགས་ཟེར་ བཀོད་ནུག།
མ་དངུལ་སྤྱོད་པའི་ འགན་འཁྲི་དེ་ བཀོད་ཁྱབ་གཙོ་འཛིན་ལུ་ ཕོག་ཟེར་ཨིནམ་ད་ དེ་གི་ནང་ལས་ ལྷན་ཚོགས་ཀྱིས་ བཀོད་ཁྱབ་གཙོ་འཛིན་ལུ་ རྒྱང་མཐོང་ཊི་བི་བཀོལ་འཕྲོའི་སྟེགས་ཅིག་ ex-gratia fund མ་དངུལ་ལས་ཉོ་སྟེ་ ཁོ་རའི་ཁྱིམ་ནང་ ལག་ལེན་འཐབ་པའི་ ཉེས་འཛུགས་བཀལ་མིའི་ཐད་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ག་ནི་ཡང་ གསལ་བཀོད་མ་འབད་བས་ཟེར་བཀོད་ནུག།
གནད་དོན་དེ་ཡང་ བཀོད་ཁྱབ་གཙོ་འཛིན་གྱི་ བཀོད་རྒྱ་དང་འཁྲིལ་ འབད་ཡོདཔ་བཞིན་དུ་ ཞིབ་དཔྱད་སྐབས་ ཁོ་ར་གིས་ སྒེར་དོན་ལུ་ ཉོ་ཡོདཔ་སྦེ་ ངོས་ལེན་འབད་ཡི་ཟེར་བཀོད་ནུག།
མི་མང་མཐུན་འབྲེལ་མ་དངུལ་གྱི་དོན་ལུ་ བཀོད་ཚོགས་ཀྱིས་ རྩིས་ལོ་༢༠༡༦ དང་༢༠༡༧ གྱི་དོན་ལུ་ དངུལ་ཀྲམ་འབུམ་༥ རེ་ གནང་བ་གྲུབ་ཡོད་མི་ལས་ བཀོད་ཁྱབ་གཙོ་འཛིན་གྱིས་ སྤྱི་ལོ་༢༠༡༦ ལུ་ དངུལ་ཀྲམ་༢༠༠,༠༠༠ དང་ སྤྱི་ལོ་༢༠༡༧ ལུ་ དངུལ་ཀྲམ་༨༥,༠༠༠ ཟད་འགྲོ་བཏང་ཡོདཔ་ལས་ སྤྱི་ལོ་དེ་གཉིས་ནང་ མ་དངུལ་ལྷག་ལུས་ དངུལ་ཀྲམ་༣༠༠,༠༠༠ དང་༤༡༥,༠༠༠ ཡོད་པའི་ མངོན་གསལ་བྱུང་ཡོདཔ་བཞིན་དུ་ མ་དངུལ་ཟད་འགྲོ་བཏང་མི་ཚུ་ལས་ ཁོ་ལུ་ རྒྱུ་དངུལ་གྱི་ ཁེ་ཕན་ག་ནི་ཡང་ ཐོབ་ཐོབ་མེད་པའི་ཁར་ མ་དངུལ་ལོག་སྤྱོད་འབད་ནི་གི་ མནོ་བསམ་ཡང་ མ་བཏང་པས་ཟེར་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ བཀོད་ནུག།
གནད་དོན་དེ་གི་ཐད་ལུ་ ངན་ལྷད་བཀག་སྡམ་ལྷན་ཚོགས་ཀྱིས་འབད་བ་ཅིན་ སྤྱི་ལོ་༢༠༡༧ གྱི་ འཆར་དངུལ་ལྷག་ལུས་ལུས་མི་དེ་ གཙོ་བོ་ར་ ཞིབ་དཔྱད་ཀྱི་དོན་ལུ་ བཀོད་ཁྱབ་གཙོ་འཚིན་དེ་ སྤྱི་ཟླ་༧ པའི་ཚེས་༧ ལས་ ལཱ་གཡོག་ནང་ལས་ དགོངས་ཕོག་བཏོན་ནི་དེ་གིས་ཨིན་ཟེར་ཨིན་པས།
ལྷན་ཚོགས་ཀྱིས་འབད་བ་ཅིན་ བཀོད་ཁྱབ་གཙོ་འཛིན་བགྲེསཔ་གིས་ ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ཚུ་ ཡིག་ཆ་ཁ་སྐོང་དང་ འབྱོར་འཛིན་ཚུ་ བཙུགས་ཡོདཔ་བཞིན་དུ་ ལྷན་ཚོགས་ཀྱིས་ ཟད་རྩིས་ཚུ་ལུ་ བདེན་སྦྱོར་འབད་བའི་སྐབས་ འདས་ཚེས་བཀོད་ཡོད་པའི་ མངོན་གསལ་བྱུང་ཡི་ཟེར་ཨིན་པས།
དེ་འབདཝ་ལས་ ཁ་ཉེས་བཀལ་བའི་ གནོད་འགེལ་འདི་ནང་ འབྲེལ་ཡོད་འགོ་དཔོན་ཚུ་གི་ ཁ་ཐུག་ལས་ བདག་སྐྱོང་དང་འབྲེལ་བའི་ འཐུས་ཤོར་བྱུང་ཡོདཔ་མ་གཏོགས་ ཉེས་བཤེར་འབད་དགོ་པའི་ གཞི་ཁུངས་མེད་པའི་ཁར་ ལྷན་ཚོགས་ཀྱིས་ རྩོད་དཔོན་ཡོངས་ཁྱབ་ལུ་ སྙན་ཞུ་བཏང་དགོཔ་ཅིག་ཡང་ མ་མཐོང་ཟེར་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ ཡི་གུ་ནང་ བཀོད་མི་དེ་ འོས་ལྡན་མེདཔ་དང་ ཁུངས་ཐུབ་ཅན་མེན་པའི་ གསལ་སྟོན་འབདཝ་མས་ཟེར་ ཁྲི་འཛིན་ཀུན་ལེགས་གཡང་འཛོམས་ཀྱིས་ བཀོད་ནུག།
རྒྱུ་མཚན་དེ་ཚུ་ལུ་བརྟེན་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྩོད་དོན་དེ་ལུ་ ཉེས་བཤེར་འབད་ནི་གི་ འོས་འབབ་ཡོདཔ་བཞིན་དུ་ དེ་གི་དོན་ལུ་ སྒྲུབ་བྱེད་དང་ བརྡ་དོན་ཧེང་སྐལ་ཕུལ་བཏང་ཡོད་ཟེར་ ལྷན་ཚོགས་ཀྱི་ ཡི་གུ་ནང་ བཀོད་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *