༉ སྤྱི་ཟླ་༡༠ པའི་ཚེས་༥ ལུ་ རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱི་ལས་བྱེདཔ་ རིན་ཆེན་དབང་འདུས་ཀྱིས་ ལས་སྡེའི་དངུལ་ ལྐོག་ཟ་འབད་ཡོད་པའི་ རྩོད་བཤེར་གྱི་ སྟ་གོན་སྙན་གསན་འབད་བའི་སྐབས་ ཁོ་གིས་ ལྐོག་ཟ་ཁག་༢༣༤ འབད་ཡོད་མི་ལུ་ དབྱེ་རིམ་༢ པ་དང་ ཡིག་ཆ་ཁག་༥༨ རྫུས་མ་བཟོ་མི་ལུ་ དབྱེ་རིམ་༣ པ་ དེ་ལས་ གནོད་འགེལ་ཁག་༣༣ ནང་ གྲལ་གཏོགས་འབད་ཡོད་མི་ལུ་ ཉེས་ཕྲ་དང་ ཡིག་ཆ་སྐྱོན་ཞུགས་ཁག་༢༢༦ འབད་ཡོད་མི་ལུ་བརྟེན་ ཉེས་ཕྲའི་ཉེས་འཛུགས་འབད་ཡི།
ཁོ་གིས་ འགོ་དང་པ་ དངུལ་ལྐོག་ཟ་འབད་བའི་སྐོར་ལས་ ཤེས་རྟོགས་བྱུངམ་ད་ དངུལ་ཀྲམ་ས་ཡ་༩༡ ལྷགཔ་ཅིག་ ཐོན་ཡོད་རུང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ དངུལ་ཀྲམ་ས་ཡ་༡༤༡ གུ་ ཡར་སེང་སོང་ཡོདཔ་ད་ དེ་ནང་ མི་ངོམ་༢༢ ཀྱིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
སྙན་གསན་འབད་བའི་སྐབས་ རྩོད་དཔོན་ཡོངས་ཁྱབ་ཀྱི་ངོ་ཚབ་ རིན་ཆེན་དབང་འདུས་ཀྱིས་ སྤྱི་ལོ་༢༠༡༡ དེ་ཅིག་ལས་ ལྐོག་ཟ་འབད་ནི་ འགོ་བཙུགས་ཏེ་ ལོ་༤ དེ་ཅིག་གི་རིང་ ཚུལ་མིན་སྤྱོད་པའི་སྐབས་ ལས་སྡེའི་ཏི་རུ་གིས་ སྣུམ་འཁོར་༤ དང་ སྤ་རོ་དང་ དགེ་ལུགས་ཕུག་ལུ་ ས་ཆ་ཌེ་སི་མཱལ་༣༨ དང་༣༠ འབད་མི་ཁག་༢ ཉོ་ནུག་ཟེར་ཨིན་པས།
དེ་མ་ཚད་ ཁོ་གིས་ མི་གཞན་ལུ་ ཏི་རུ་བསྐྱི་བཅུག་ཡོད་མི་དང་ ཁོ་གི་རྒྱུ་ཆས་འཕྱོག་བཟུང་འབད་བཞག་མི་ཚུ་ བཙོང་བའི་ཤུལ་ལས་ ལྐོག་ཟའི་རྩིས་ཐོ་དེ་ མར་བབས་འགྱོ་འོང་ཟེར་མནོ་རུང་ ད་ཚུན་གྱི་ རྩིས་ཁྲ་དང་འཁྲིལཝ་ད་ ཁོ་གིས་ དངུལ་ཀྲམ་ས་ཡ་༦༨ སོར་ཆུད་འབད་དགོཔ་ འདུག་ཟེར་ཞུ་ཡི།
རྩོད་དཔོན་ཡོངས་ཁྱབ་ཀྱི་ ངོ་ཚབ་ཀྱིས་ ལྐོག་ཟ་དེ་ནང་ འབྲུག་རྒྱལ་ཡོངས་དངུལ་ཁང་དང་ འབྲུག་ཉེན་བཅོལ་ལས་འཛིན་ལུ་ཡང་ འཛོལ་བ་ཡོདཔ་ལས་ བྱ་ངན་འབད་མི་ཚུ་གིས་ ལོག་སྤྱོད་འབད་མི་ མ་དངུལ་ཚུ་ལུ་ སྐྱེད་བརྒྱ་ཆ་༡༥ བཀལ་ཐོག་ལས་ ལོག་བཏབ་དགོཔ་སྦེ་ བཅའ་ཁྲིམས་ནང་ འཁོད་ཡོད་མི་དེ་ལུ་ ཁྲིམས་འདུན་གྱིས་ གཟིགས་གནང་ཟེར་ཞུ་ཡི།
བྱ་ངན་ནང་ འབྲེལ་བ་ཡོད་མི་གཉིས་པ་ འབྲུག་རྒྱལ་ཡོངས་དངུལ་ཁང་གི་ བརྡ་དོན་འཕྲུལ་རིག་ལས་རོགསཔ་ འོད་ཟེར་སྒྲོལ་མ་ལུ་ དངུལ་ཀྲམ་ས་ཡ་༣༤ ལོག་སོར་ཆུད་འབད་དགོ་པའི་ ཞུ་བ་འབད་ཡོདཔ་ད་ མོ་གིས་ རིན་ཆེན་དབང་འདུས་དང་ འབྲེལ་བ་བཞག་སྟེ་ འབྲུག་ཉེན་བཅོལ་ལས་འཛིན་གྱི་ དངུལ་འཛིན་ཐོག་ལས་ དངུལ་ཀྲམ་ས་ཡ་༥༡ བཏོན་ཡོད་མི་ལས་ དངུལ་ཀྲམ་ས་ཡ་༡༦ ལོག་བཏབ་ཡོད་རུང་ ལྷག་ལུས་ཡོད་མི་དེ་ སོར་ཆུད་འབད་དགོཔ་སྦེ་ ཞུ་ཡི།
མོ་གིས་ ཡིག་ཆ་སྐྱོན་ཞུགས་ཁག་༢༧ འབད་དེ་ དངུལ་ཁང་གི་ཡིག་ཆ་ཚུ་ སྐྱོན་ཞུགས་འབད་དེ་ རིན་ཆེན་དབང་འདུས་ཀྱི་ བྱ་ངན་འབད་མི་ཚུ་ སྦ་བཞག་ནི་ལུ་ ཕན་གྲོགས་འབད་ཡོདཔ་ད་ དེ་ཡང་ མོ་རའི་ བརྡ་དོན་དང་འཕྲུལ་རིག་གི་ ཁྱད་རིག་ཐོག་འབད་ཡོདཔ་ལས་ མོ་ལུ་ ཉེས་ཕྲའི་ཉེས་ཆད་ ཕོག་དགོཔ་སྦེ་ ཞུ་ཡི།
འབྲུག་རྒྱལ་ཡོངས་དངུལ་ཁང་གི་ བསྐྱིན་འགྲུལ་འགོ་དཔོན་ལས་རོགསཔ་ པདྨ་དབང་གྲགས་ལུ་ གནོད་འགེལ་འབད་བའི་ཉེས་ཁྲིམས་༡ དང་ ཁོ་གིས་ཡང་ རིན་ཆེན་དབང་འདུས་ལུ་ གྲོགས་རམ་འབད་དེ་ དངུལ་ཀྲམ་༧༠༠,༠༠༠ ལས་༢༠༠,༠༠༠ རིན་ཆེན་དབང་འདུས་ལུ་ སྤྲོད་པའི་ལྷག་ལུས་ དངུལ་ཀྲམ་༥༠༠,༠༠༠ ལོག་སོར་ཆུད་འབད་དགོ་པའི་ ཞུ་བ་འབད་ཡོདཔ་ད་ ཁོ་ལུ་ དབྱེ་རིམ་༤ པའི་ ཉེས་འཛུགས་འབད་ཡི།
དེ་མ་ཚད་ ཁོ་གིས་ དངུལ་གཉེར་འབད་སྡོད་པའི་སྐབས་ དངུལ་འཛིན་ཅེག་ཚུ་ ལེགས་ཤོམ་སྦེ་ དབྱེ་དཔྱད་མ་འབད་མི་ལུ་བརྟེན་ ད་རུང་ དབྱེ་རིམ་༣ པའི་ ཉེས་འཛུགས་འབད་ཡི།
འབྲུག་རྒྱལ་ཡོངས་དངུལ་ཁང་གི་ བསྐྱིན་འགྲུལ་འགོ་དཔོན་ ཆོས་གྲུབ་འབྲུག་པ་གིས་ ཁོ་རའི་ དགེ་ལེགས་ཕུག་ལུ་ཡོད་མི་ ས་ཆ་དེ་ རིན་ཆེན་དབང་འདུས་ལུ་ བཙོང་མི་ལུ་བརྟེན་ ངན་ལྷད་སྦ་གསང་འབད་བའི་ ཉེས་འཛུགས་འབད་ཡི།
སྤ་རོ་ལུ་ཡོད་མི་ སྐྱིད་གནས་ཟ་ཁང་ཅིག་ནང་ལཱ་འབད་མི་ ཀརྨ་ཚེ་རིང་གིས་ རིན་ཆེན་དབང་འདུས་ཀྱི་དོན་ལུ་ དངུལ་ཀྲམ་ས་ཡ་༢.༧ ཁོ་རའི་ མིང་ཐོ་ཁར་བཙུགས་ཏེ་ བཏོན་ཡོད་མི་ལས་ དངུལ་ཀྲམ་༥༠༠,༠༠༠ ཁོ་གིས་ བསྐྱི་ཡོདཔ་སྦེ་ སླབ་སྡོད་དེ་ ཁ་བཟེད་མ་བཏུབ་ལས་ ཁོ་ལུ་ཡང་ རིན་ཐང་དང་བསྟུན་པའི་ ཉེས་ཁྲིམས་བཀལ་དགོ་པའི་ ཞུ་བ་འབད་ཡི།
ཉེན་བཅོལ་ལས་འཛིན་གྱི་ གོང་འཕེལ་ལས་རོགས་འགོ་དཔོན་ ཧེ་རུ་ཀ་ལུ་ ལས་སྡེའི་དོན་ལུ་ དངུལ་འཛིན་ནང་ དངུལ་ཀྲམ་ས་ཡ་༡ ཁོ་གིས་ ས་ཡིག་རྐྱབ་ཡོད་མི་དེ་ལུ་ སྐྱེད་བརྒྱ་ཆ་༡༥ བརྩིས་ཏེ་ དངུལ་ཀྲམ་ས་ཡ་༡.༥ རིན་ཐང་དང་བསྟུན་པའི་ ཉེས་ཁྲིམས་བཀལ་དགོཔ་སྦེ་ཞུ་ཡི།
འབྲུག་རྒྱལ་ཡོངས་དངུལ་ཁང་གི་ དངུལ་གཉེར་པ་༨ དང་ འགན་འཛིན་པ་༡ དེ་ལས་ དངུལ་འབྲེལ་འགོ་འཛིན་ཅིག་ལུ་ དབང་ཚད་ཚུལ་མཐུན་མ་འབག་པའི་ ཉེས་འཛུགས་ཁག་ སོ་སོར་འབད་ཡི།
སྣ་ཚོགས་སྙན་གསན་དེ་ ཉིན་གྲངས་༡༠ གྱི་ནང་འཁོད་ལུ་ འགོ་འདྲེན་འཐབ་ནི་ཨིནམ་ད་ བྱ་ངན་ནང་འབྲེལ་བ་ཡོད་མི་༣ སྟ་གོན་སྙན་གསན་ནང་ ལྷོད་མ་ཚུགས་པའི་གནས་ཚུལ།
སྤ་རོ་ལས་ བཀྲིས་བསྟན་འཛིན།