རྒྱལ་ཁམས་ས་གཏེར་ལས་འཛིན་གྱིས་ ཁེ་སང་དངུལ་ཀྲམ་ས་ཡ་༦༧ ལྷགཔ་ཅིག་བཟོ་ཡོདཔ།

༉ རྒྱལ་ཁམས་ས་གཏེར་ལས་འཛིན་ གཞི་བཙུགས་འབད་དེ་ ལོ་ངོ་གསུམ་ལངམ་ད་ སྤྱི་ལོ་༢༠༡༧ ལོ་ནང་ ལས་འཛིན་དེ་གིས་ ཁྲལ་བཏབ་པའི་ཤུལ་ལས་ ཁེ་སང་དངུལ་ཀྲམ་ས་ཡ་༦༧.༣༩ བཟོ་ཚུགས་མི་དེ་ ལོ་དེ་གི་ དམིགས་གཏད་ལས་ བརྒྱ་ཆ་༩༢.༡༣ གྲུབ་ཚུགས་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༦ ལོ་ནང་ ལས་འཛིན་གྱིས་ རྡོ་སོལ་བཙོང་མི་ལས་ འོང་འབབ་དངུལ་ཀྲམ་ས་ཡ་༦༣.༥༢ ཐོབ་མི་ལས་ ན་ཧིང་ལོ་ནང་ དངུལ་ཀྲམ་ས་ཡ་༢༦༠.༤༤ ལུ་ ཡར་སེང་སོང་ཡོདཔ་ད་ སྣུམ་འཁོར་དང་ འཕྲུལ་ཆས་ཚུ་ མཁོ་སྒྲུབ་འབད་བའི་ཤུལ་ལས་ འོང་འབབ་དངུལ་ཀྲམ་ས་ཡ་༡༢༠.༣༧ ལས་ དངུལ་ཀྲམ་ས་ཡ་༢༩༥.༨༥ ལུ་ ཡར་སེང་སོང་ཡོད་མི་དེ་ཡང་ ལས་འཛིན་གྱི་ བདོག་གཏད་དེ་ བརྒྱ་ཆ་༡༣༨ ལས་༣༦༥.༣༥ ལུ་ ཡར་སེང་འགྱོ་ནི་དེ་གིས་ཨིན་པས།
ལས་འཛིན་གྱིས་ སྤྱི་ལོ་༢༠༡༧ ཟླ་༨ པ་ལས་ མཚོ་ཕང་མ་གི་ རྡོ་སོལ་དེ་ འགོ་བཙུགས་ཡོདཔ་ད་ ཧབ་རང་དང་ མཚོ་ཕང་མ་ལས་སྡེ་གཉིས་བསྡོམས་ཏེ་ རྡོ་སོལ་བསྡོམས་ མེ་ཊིག་ཊཱོན་༥༣,༦༢༢.༡༥ ཐོན་སྐྱེད་འབད་ཡོདཔ་བཞིན་དུ་ མཚོ་ཕང་མ་ལས་ མེ་ཊིག་ཊཱོན་༡༢,༩༠༠ ཐོན་སྐྱེད་འབད་ཡོདཔ་ཨིན་པས།
རྒྱལ་ཁམས་ས་གཏེར་ལས་འཛིན་དེ་ སྤྱི་ལོ་༢༠༡༤ ལས་ འབྲུག་རྒྱུ་ནོར་གཞི་བཟུང་ཚད་འཛིན་འོག་ལུ་ བསྡབས་ཡོདཔ་ད་ གདུང་བསམ་རྩི་ས་ལས་འཛིན་ནང་ རྡོ་སོལ་བཀྲམ་སྤེལ་འབད་མི་ལུ་ ས་གཏེར་ལས་འཛིན་གྱིས་ དངུལ་ཀྲམ་ས་ཡ་༣༩ བྱིན་དགོཔ་ཡོདཔ་ཨིན་པས།
ད་རེས་ ལས་འཛིན་གྱིས་ རྡོ་སོལ་རྐྱངམ་གཅིག་ བཙོང་དོ་ཡོདཔ་ད་ རྡོ་སོལ་བཏོན་སའི་ ཤ་ཁོངས་གཉིས་ཡོད་མི་དེ་ཡང་ བཀྲིས་སྒང་ལུ་ ཟོང་ཐུང་དང་ བསམ་རྩེ་ལུ་ ཁ་རི་བ་རི་ད་ར་གཉིས་ཨིན་པས།
པདྨ་དགའ་ཚལ་གྱི་ ཡུ་རི་ཆུ་རྡོ་དཀར་བཏོན་ས་དེ་ རྫོང་ཁག་ཚོགས་འདུ་གིས་ གྲོས་ཐག་བཅད་ནི་ལུ་ སྒུག་སྟེ་ཡོདཔ་ད་ ལས་འཛིན་གྱིས་ བསམ་གྲུབ་ལྗོངས་མཁར་གྱི་ས་གནས་ ཁ་ལ་ན་དི་ཟེར་སར་ རྡོ་སོལ་ས་ཆ་ཨེ་ཀར་༨༩ ནང་ བརྟག་ཞིབ་འབད་དེ་ བཞག་ཡོདཔ་ཨིན་པས།
ལས་འཛིན་གྱི་ ཚོང་མགྲོན་པ་དེ་ གདུང་སམ་རྩི་ས་ལས་སྡེ་དང་ ལྷ་སྐྱིད་རྩི་ས་ལས་སྡེ་ དེ་ལས་ དཔལ་ལྡན་རྩི་ས་ལས་སྡེ་ཚུ་ཨིན་རུང་ གདུང་བསམ་རྩི་ས་ལས་སྡེ་ལུ་ རྡོ་སོལ་མེ་ཊིག་ཊཱོན་༣༧,༢༨༣ བཙོང་ཡོདཔ་ཨིན་པས།
གཞུང་གིས་ གཞི་བཙུགས་འབད་མི་ ལས་འཛིན་དེ་གིས་ ས་གཏེར་དང་འབྲེལ་བའི་ གོང་འཕེལ་གཏང་ནི་དེ་ཨིནམ་ད་ སྤྱི་ལོ་༢༠༡༧ ལོའི་ ས་གཏེར་གོང་འཕེལ་སྲིད་བྱུས་དང་འཁྲིལཝ་ད་ ས་གཏེར་གྱི་ དབང་ཚད་དེ་ གཞུང་ལུ་ཡོདཔ་ལས་ བསྟན་རྒྱས་ལྷན་ཁག་ ས་གཏེར་ལས་ཁུངས་ཀྱིས་ ས་གཏེར་ལས་སྡེ་དེ་ ལས་སྡེ་གཞན་ཚུ་བཟུམ་སྦེ་ ཆ་བཞགཔ་ཨིན་ཟེར་ ལོ་བསྟར་སྙན་ཞུ་ནང་བཀོད་ནུག།
རྡོ་སོལ་ནང་ ཐལཝ་མང་དྲགས་ནི་དེ་གིས་ ལས་འཛིན་ལུ་ འོང་འབབ་ཀྱི་ རྒུད་ཕོག་ཡོདཔ་ད་ ལས་འཛིན་གྱིས་ ཕུན་ཚོགས་གླིང་གི་འོག་ལུ་ཡོད་མི་ ཁ་སྟོད་ཐང་སྤྱི་འོག་ལུ་ དངུལ་ཀྲམ་ས་ཡ་༠.༢༧ གནས་པའི་ འཐུང་ཆུ་བཀྲམ་སྤེལ་འབད་དེ་ཡོདཔ་ད་ ས་གནས་དེ་ནང་གི་ མི་ཚུ་གི་ སྣུམ་འཁོར་ཊི་པར་༢༢ དེ་ཅིག་ཡང་ ལས་འཛིན་དེ་གི་ ཡབ་རང་རྡོ་སོལ་ལས་སྡེ་ནང་ བཙུགས་ཡོད་པའི་ཁར་ མི་ཚུ་གིས་ ཉིན་གྲངས་༦,༨༨༡ གི་རིང་ ལཱ་འབད་མི་དེ་གིས་ ན་ཧིང་ལོ་ནང་ འོང་འབབ་དངུལ་ཀྲམ་ས་ཡ༧.༠༡ བཟོ་ཚུགས་ཡོད་ཟེར་ སྙན་ཞུ་ནང་བཀོད་ནུག།
དེ་མ་ཚད་ མི་སྡེ་ནང་གི་ སློབ་ཕྲུག་ཚུ་གིས་ ངལ་གསོའི་སྐབས་ ལས་འཛིན་དང་གཅིག་ཁར་ ཉིན་གྲངས་༦༧༦ གི་རིང་ ལཱ་འབད་དེ་ དངུལ་ཀྲམ་ས་ཡ་༠.༥༡ བྱིན་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *