རྒྱལ་ཁམས་བདག་དབང་ཚོང་སྡེ་ཚུ་གིས་ སྒེར་སྡེ་ཚུ་དང་གཅིག་ཁར་ དོ་འགྲན་མི་འབད་དོ་ཡོདཔ།

༉ གཞུང་གིས་ དངུལ་རྩིས་ལྷན་ཁག་གི་འོག་ལུ་ཡོད་པའི་ རྒྱལ་ཁམས་བདག་དབང་ཚོང་སྡེ་༡༤ བསྐྱར་ཞིབ་འབད་ཚར་ཡོདཔ་ཨིན་པས།
བསྐྱར་ཞིབ་འབད་ནིའི་དོན་ལུ་ ཟླཝ་༣ ལྷགཔ་ཅིག་འགོར་ཡོདཔ་ད་ གཞུང་གིས་ ཁས་བླངས་གསལ་བསྒྲགས་འབད་མིའི་གྲས་ལས་༡ རྒྱལ་ཁམས་བདག་དབང་ཚོང་སྡེ་ཚུ་ བསྐྱར་ཞིབ་འབད་ནི་དེ་ཨིན་ཟེར་ དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ བཤད་པའི་ཁར་ དེ་ཡང་ བློན་པོའི་ལྷན་རྒྱས་དང་ བརྡ་བརྒྱུདཔ་ཀྱི་བར་ན་ གྲོས་འཛོམས་ཐེངས་༦ པ་ འཚོགས་པའི་སྐབས་ བཤད་ཡོདཔ་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ གནད་དོན་དེ་གི་སྐོར་ལས་ གདན་ས་ལུ་ ཞལ་འཛོམས་འཚོགས་པའི་སྐབས་ གྲོས་བསྡུར་འབད་ཡི་ཟེར་ཨིནམ་ད་ གདན་ས་ཞལ་འཛོམས་དེ་ ཨ་རྟག་ར་ རེས་གཟའ་སྤེན་པ་ལུ་ འཚོགས་དོ་ཡོདཔ་ད་ ཞལ་འཛོམས་དེ་ཡང་ ལུགས་ཡངས་ཀྱི་ ཞལ་འཛོམས་ཅིག་ཨིན་པས།
ཤེས་རྟོགས་འབྱུང་ནི་ལུ་ དེ་ཅིག་ར་ ཁྱད་པར་མིན་འདུག་ཟེར་ བློན་པོ་གིས་བཤད་པའི་ཁར་ དེ་བཟུམ་མའི་ ཚོང་སྡེ་ཚུ་ གཞུང་གི་འོག་ལུ་བཞག་སྟེ་ ཚོང་ལཱ་འབད་དགོཔ་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཡི་ཟེར་ཨིནམ་ད་ ཡང་ཅིན་ སྒེར་སྡེ་དང་ མི་མང་དང་ སྒེར་སྡེ་མཉམ་འབྲེལ་ཐོག་ལས་ ཚོང་ལཱ་འབད་དགོཔ་ཡོད་མེད་ཚུ་ དབྱེ་དཔྱད་འབད་ཡི་ཟེར་ཨིན་པས།
བསྐྱར་ཞིབ་འབདཝ་ད་ འཛམ་གླིང་དངུལ་ཁང་གི་དབྱེ་ཞིབ་ཡང་ ལག་ལེན་འཐབ་དོ་ཡོདཔ་ད་ ཤེས་རྟོགས་བྱུང་མིའི་ནང་ རྒྱལ་ཁབ་ཀྱི་ བདག་དབང་ལུ་ཡོད་པའི་ ཚོང་སྡེ་ཚུ་གིས་ སྒེར་སྡེ་གོང་འཕེལ་གཏང་ནིའི་ལུ་ གནོད་པ་རྐྱབ་དོ་ཡོད་པའི་ཤེས་རྟོགས་དང་ ཚོང་ལམ་གྱི་གོ་སྐབས་ཡང་ བཀག་དོ་ཡོདཔ་སྦེ་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ རྒྱལ་ཁབ་ཀྱི་ བདག་དབང་ལུ་ཡོད་པའི་ ཚོང་ལས་ཀྱིས་ སྒེར་སྡེའི་ཚོང་ལཱ་ལུ་ གནོད་པ་རྐྱབ་མས་ཟེར་མི་དེ་ མི་བདེན་པས་ཟེར་ཨིནམ་ད་ གཞུང་གིས་ སྒེར་སྡེ་གོང་འཕེལ་གཏང་ནི་དང་ ཚོང་སྡེ་ཚུ་གིས་འབད་མི་ ཚོང་ལཱ་ལུ་ སྒེར་སྡེ་ཚུ་ཡང་ འབྲེལ་གཏོགས་བཞག་ནིའི་ ལཱ་འབད་དོ་ཟེར་ཨིན་པས།
བློན་པོ་གིས་ ཚོང་ལས་ཚུ་གི་ ཡུན་བརྟན་གྱི་ཐད་ཁར་ དངུལ་རྩིས་ལྷན་ཁག་གི་ འགན་དབང་གཉིས་ཡོད་ཟེར་ཨིནམ་ད་ དེ་ཡང་ འོང་འབབ་བཟོ་ནི་དང་ གཞན་མི་དེ་ མི་སྡེའི་དོན་ལུ་ཨིནམ་ལས་ ཚོང་སྡེ་གིས་ དཔལ་འབྱོར་དང་ཚོང་གི་གོ་སྐབས་ཡོད་པ་ཅིན་ དེ་གིས་ རྒྱལ་ཁབ་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
ཚོང་སྡེ་ལ་ལོ་ཅིག་ ཡུན་བརྟན་གྱི་ དཀའ་ངལ་འབྱུང་སྲིད་ནི་ཨིན་པའི་ ཤེས་རྟོགས་བྱུང་ཡི་ཟེར་ ཁོ་གིས་ བཤད་པའི་ཁར་ ཨིན་རུང་ གྲོས་བསྟུན་གྱི་དོན་ལུ་ ལྷན་རྒྱས་གཞུང་ཚོགས་ནང་ བཙུགས་འོང་ཟེར་ཨིནམ་ད་ འབྲུག་རྒྱུ་ནོར་གཞི་བཟུང་ཚད་འཛིན་གྱི་ ཁྲི་འཛིན་ལུ་ གཞུང་གི་ཁ་ཐུག་ལས་ ག་ཅི་འབད་དགོཔ་འདུག་ག་ སླབ་ཡོད་ཟེར་ཨིན་པས།
ལྷན་རྒྱས་གཞུང་ཚོགས་ཀྱི་ ལམ་སྟོན་དང་འཁྲིལ་ སྙན་ཞུ་ཁ་གསལ་དེ་ ལྷན་རྒྱས་གཞུང་ཚོགས་ནང་ ཞིབ་ཞིབ་སྦེ་གྲོས་བསྡུར་འབད་ཞིནམ་ལས་ བཀྲམ་སྤེལ་འབད་འོང་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།
ལས་བྱེད་ཚོགས་ཆུང་དེ་ རྒྱལ་ཁམས་བདག་དབང་ཚོང་སྡེ་ཚུ་ བསྐྱར་ཞིབ་འབད་ནི་དང་ དེའི་འགན་ཁུར་ཚུ་ ལེགས་བཅོས་འབད་ནིའི་དོན་ལུ་ དུས་ཅི་ སྤྱི་ཟླ་༣ པའི་ནང་ བཟོ་ཡོད་པའི་གནས་ཚུལ།
སྐད་སྒྱུར་ གནས་བརྟན་རྡོ་རྗེ།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *