དད་ཅན་ཚུ་གིས་ གུ་རུ་རིན་པོ་ཆེའི་ མཐོང་གྲོལ་མཇལ་ཁ་ཞུ་བའི་བསྒང་།

རྒྱལ་ཁབ་མཐའ་དབུས་མེད་པར་ ཞབས་དྲུང་སྐུ་མཆོད་ཀྱི་དུས་དྲན་ བརྩི་སྲུང་ཞུ་དོ་ཡོདཔ།

༉ ལོ་བསྟར་བཞིན་དུ་ རང་ཟླ་༣ པའི་ཚེས་༡༠ ལུ་ ཞབས་དྲུང་སྐུ་མཆོད་ཟེར་ དཔལ་ལྡན་འབྲུག་པ་ཞབས་དྲུང་རིན་པོ་ཆེ་ མཐུ་ཆེན་ཆོས་ཀྱི་རྒྱལཔོ་ ངག་དབང་རྣམ་རྒྱལ་མཆོག་ དགོངས་པ་ཆོས་ཀྱི་དབྱིངས་སུ་གཤེགས་པའི་ དུས་ཆེན་ཁྱད་པར་ཅན་སྦེ་ བརྩི་སྲུང་ཞུཝ་ཨིན་པས།

དུས་ཅི་ འབྲུག་རྒྱལ་ཁབ་ནང་ གཞུང་གྲྭ་ཚང་དབུ་བརྙེས་ཏེ་ མི་ལོ་༤༠༠ འཁོར་བའི་དུས་དྲན་སྦེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་གཙོས་པའི་ སློབ་དཔོན་ལྷན་རྒྱས་དང་ བླ་སྤྲུལ་ མཁན་པོ་ དགེ་འདུན་ཚུ་གིས་ སྤུ་ན་ཁ་བདེ་བ་ཆེན་པོའི་ཕོ་བྲང་ནང་སྦེ་ བླ་མ་མཆོད་པ་གནང་ནི་ཨིན་པས།

གཞུང་གྲྭ་ཚང་ལས་ བརྡ་བརྒྱུད་འགོ་དཔོན་ ཐུབ་བསྟན་རྒྱ་མཚོ་གིས་ བཤད་མི་དང་འཁྲིལཝ་ད་ ཞབས་དྲུང་སྐུ་མཆོད་དེ་ རྫོང་ཁག་༢༠ གི་ རབ་སྡེ་གྲྭ་ཚང་དང་ དགོན་སྡེ་ དེ་ལས་ ལྷ་ཁང་སྒོམ་སྡེ་ཚུ་ ཆ་མཉམ་ནང་ར་ བརྩི་སྲུང་ཞུ་དོ་ཟེར་ཨིན་པས།

དེ་སྦེ་ དུས་དྲན་བརྩི་སྲུང་ཞུ་དགོ་མི་དེ་ཡང་ ལོ་རྒྱུས་ཚུ་དང་འཁྲིལཝ་ད་ དཔལ་ལྡན་འབྲུག་པ་རིན་པོ་ཆེ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ བདེ་བ་ཅན་གྱི་ཞིང་ཁམས་ལུ་ སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྱན་སྔར་ འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་ སྐུ་སྐྱེས་བཞེས་ཏེ་ སེམས་ཅན་ཚུ་གི་ འགྲོ་དོན་ཚད་མེད་མཛད་ཡོདཔ་བཞིན་དུ་ བྱང་ཕྱོགས་ཤམྦྷ་ལ་ལུ་ རིགས་ལྡན་པདྨ་དཀར་པོ་དང་ བོད་ལུ་ བོད་ཁམས་སྐྱོང་བའི་ ཆོས་རྒྱལ་སྲོང་བཙན་སྒམ་པོ་ ཟ་ཧོར་གཡུས་ལུ་ མཁན་ཆེན་བྷོ་དྷི་སཏྭ་ དེ་ལས་ ཁ་ཆེའི་གཡུས་ལུ་ པཎ་ཆེན་ནཱ་རོ་ཏ་པ་ དེ་ལས་ གཉལ་སྨད་སྙི་བའི་རིགས་ལས་ ཆོས་རྗེ་དྭགས་པོ་ལྷ་རྗེ་ཚུ་གི་ སྐུ་སྐྱེས་བཞེས་ཏེ་ཡོདཔ་ཨིན་པས།

དེ་ལས་ མྱང་སྟོད་རྒྱའི་རིགས་ལས་ ཆོས་རྗེ་གཙང་པ་རྒྱ་རས་ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ལུ་ བྱང་སེམས་སྣང་བ་རྡུལ་བྲལ་དང་ རིམ་པ་བཞིན་དུ་ ཤར་ཕྱོགས་ཀོང་བུའི་གཡུས་ལུ་ ཀུན་མཁྱེན་པདྨ་དཀར་པོ་ལ་སོགས་པའི་ སྐུ་སྐྱེས་བཞེས་ཏེ་ འགྲོ་དོན་མཛད་པའི་མཐའ་མར་ སྤྱི་ལོ་༡༥༩༤ རབ་བྱུང་༡༠ པའི་ཤིང་རྟ་ རང་ཟླ་༡༡ པའི་ཚེས་༡༡ ལུ་ བོད་ཡུལ་གནམ་འབྲུག་བྱང་ཆུབ་གླིང་གི་ མགར་གྲོང་ཟེར་སར་ དཔལ་ལྡན་འབྲུག་པའི་གདུང་རབས་ དྲི་མ་མེད་པ་ལས་བྱོན་པའི་ ཡབ་བསྟན་པའི་ཉི་མ་དང་ ཡུམ་བསོད་ནམས་དཔལ་གྱི་བུ་ཁྲིད་༢ ལས་ རྟགས་མཚན་བཟང་པོ་དང་བཅས་ སྐུ་འཁྲུངས་ཡོདཔ་ཨིན་པས།

ཞབས་དྲུང་རིན་པོ་ཆེ་གིས་ དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་ཡུལ་གཅིག་ལུ་བཟོ་གནང་སྟེ་ ཆོས་སྲིད་ལུགས་༢ ཀྱི་ གཞུང་འགོ་བཙུགས་ རྒྱལ་ཁབ་ཀྱི་ རང་དབང་སྒྲིང་སྒྲི་བཟོ་གནང་སྟེ་ བདེ་སྐྱིད་གཉིས་ལྡན་གྱི་ཐོག་ གནས་ཚུགས་པའི་ སྐལ་བ་བྱུང་མི་ལུ་བརྟེན་ བཀྲིན་བླ་ན་མེད་པ་ཚུ་ རྗེས་དྲན་ཞུ་ནིའི་དོན་ལུ་ཨིན་པས།

ཞབས་དྲུང་ལུ་ གསོལ་བ་རྩེ་གཅིག་ཏུ་བཏབ་པ་ཅིན་ རང་ར་སོ་སོར་དང་ ལྷག་པར་དུ་ རྒྱལ་ཁབ་ནང་ རྐྱེན་བར་ཆད་ཚུ་མ་འབྱུང་པར་ བསྟན་པ་ཡུན་རིང་གནས་པའི་ རྟེན་འབྲེལ་ཡོད་ཟེར་ ཨིན་པས།

གཞུང་གིས་ ནད་ཡམས་ཀོ་བིཌ་༡༩ ལུ་བརྟེན་ འགྲོ་འགྲུལ་བཀག་དམ་ ལྷོད་ཡངས་བཏང་མི་ལུ་བརྟེན་ ད་རིས་ ཞབས་དྲུང་སྐུ་མཆོད་ཀྱི་ཉིནམ་དང་འབྲེལ་ རང་སོའི་ འབྱོར་པ་དང་བསྟུན་ ཁྱིམ་དང་ ལྷ་ཁང་ དགོན་སྡེ་ཚུ་ནང་ ཚེས་བཅུ་དང་ ཚོགས་འཁོར་ མར་མེ་སྟོང་མཆོད་ཚུ་ འགོ་འདྲེན་འཐབ་མ་ཚད་ བྱིན་ཅན་གྱི་གནས་ཚུ་མཇལ་ནི་དང་ དར་འཕྱར་ནིའི་ལས་རིམ་ ལེ་ཤ་ཡོདཔ་ཨིན་པས།

ཁ་ཙ་ སྤུ་ན་ཁ་བདེ་བ་ཆེན་པོའི་ཕོ་བྲང་ནང་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ དབུ་བཞུགས་ཐོག་ལས་ བླ་མ་མཆོད་པ་གནང་ཡོདཔ་མ་ཚད་ དེ་ཁར་ འཛོམས་མི་ཚུ་ལུ་ གུ་རུ་རིན་པོ་ཆེའི་མཐོང་གྲོལ་མཇལ་ཁ་ གནང་ཡོདཔ་བཞིན་དུ་ ད་རིས་ ཞབས་དྲུང་ཕུན་སུམ་ཚོགས་པའི་ མཐོང་གྲོལ་མཇལ་ཁ་གནང་ནི་ཨིན་ཟེར་ བརྡ་བརྒྱུད་འགོ་དཔོན་གྱིས་ སླབ་ཨིན་པས།

གཞུང་དགེ་འདུན་གྲྭ་ཚང་ གཞི་བཙུགས་འབད་དེ་ མི་ལོ་༤༠༠ འཁོར་བའི་ དུས་དྲན་བརྩི་སྲུང་ཞུ་ནིའི་དོན་ལུ་ རྫོང་ཁག་༢༠ གི་ རབ་སྡེ་གྲྭ་ཚང་གི་ བླམ་གནས་བརྟན་ཚུ་ ཁ་ཙ་ སྤུ་ན་ཁ་རྫོང་ནང་ ལྷོད་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *