དཔལ་ལྡན་འབྲུག་པ་ཞབས་དྲུང་རིན་པོ་ཆེ་ མཐུ་ཆེན་ཆོས་ཀྱི་རྒྱལཔོ་ ངག་དབང་རྣམ་རྒྱལ་མཆོག།

རྒྱལ་ཁབ་མཐའ་དབུས་མེད་པར་ ཞབས་དྲུང་སྐུ་མཆོད་ཀྱི་དུས་ཆེན་ཁྱད་པར་ཅན་ བརྩི་སྲུང་ཞུ་དོ་ཡོདཔ།

༉ ལོ་བསྟར་བཞིན་དུ་ རང་ཟླ་༣ པའི་ཚེས་༡༠ ལུ་ ཞབས་དྲུང་སྐུ་མཆོད་ཟེར་ དཔལ་ལྡན་འབྲུག་པ་ཞབས་དྲུང་རིན་པོ་ཆེ་ མཐུ་ཆེན་ཆོས་ཀྱི་རྒྱལཔོ་ ངག་དབང་རྣམ་རྒྱལ་མཆོག་ དགོངས་པ་ཆོས་ཀྱི་དབྱིངས་སུ་གཤེགས་པའི་ དུས་ཆེན་ཁྱད་པར་ཅན་སྦེ་ བརྩི་སྲུང་ཞུཝ་ཨིན་པས།

དུས་ཅི་ སྐྱབས་རྗེ་རྗེ་མཁན་ཁྲི་རབས་༧༠ པ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ ཆོས་ཀྱི་དབུ་ཁྲིད་མཛད་དེ་ ལོ་ངོ་༢༥ འཁོར་བའི་ བཀའ་དྲིན་རྗེས་སྲུ་དྲན་ནི་དང་ ཞབས་དྲུང་རིན་པོ་ཆེ་མཆོག་གིས་ གཞུང་གྲྭ་ཚང་གཞི་བཙུགས་གནང་སྟེ་ མི་ལོ་༤༠༠ འཁོར་བའི་དུས་དྲན་ དེ་ལས་ ཞབས་དྲུང་གི་སྐུ་མཆོད་ཀྱི་དུས་ཆེན་༣ དུས་མཉམ་དུ་ འཛོམས་ཡོདཔ་ལས་ དུས་ཆེན་ཁྱད་པར་ཅན་༣ དེ་ ད་རེས་མ་གཏོགས་ བརྩི་སྲུང་ཞུ་ནིའི་ གོ་སྐབས་མི་འཐོབ་ནི་ཨིན་པས།

དེ་འབདཝ་ལས་ རྒྱལ་ཁབ་མཐའ་དབུས་མེད་པའི་ ལྷ་ཁང་དགོན་སྡེ་དང་ སྒོམ་སྡེ་ལ་སོགས་པ་ཚུ་ནང་ ཞབས་དྲུང་རིན་པོ་ཆེའི་གསོལ་འདེབས་ འཇིག་རྟེན་དབང་ཕྱུག་བསག་གནང་དོ་ཡོདཔ་བཞིན་དུ་ རྫོང་ཁག་ཚུ་ནང་ རབ་སྡེའི་བླམ་གནས་བརྟན་གྱིས་ དབུ་བཞུགས་ཐོག་ དགེ་སློང་དང་ སྤྱིར་བཏང་མི་མང་གིས་ འཇིག་རྟེན་དབང་ཕྱུག་བསགས་ཏེ་ བརྩི་སྲུང་ཞུཝ་ཨིན་པས།

དེ་བཟུམ་སྦེ་ ཕྱིའི་རྒྱལ་ཁབ་ ཨཱསི་ཊེ་ལེ་ཡ་ལུ་སྡོད་མི་ འབྲུག་མི་ཚུ་གིས་ཡང་ དུས་ཆེན་དེ་ གཞན་དང་མ་འདྲཝ་སྦེ་ བརྩི་སྲུང་ཞུ་དོ་ཡོདཔ་ཨིན་པས།

སྤྱི་ཟླ་༤ པའི་ཚེས་༢༠ ལས་འགོ་བཟུང་སྟེ་ ཉིན་གྲངས་༣ གྱི་རིང་ སེམས་རྟོགས་ཁ་རྫོང་ནང་ དབྱངས་སློབ་སྐུ་བགྲེས་ཀྱིས་ དབུ་བཞུགས་ཐོག་ སྐུ་མཆོད་གནང་མི་དེ་ ད་རིས་ འགྲོལ་གནང་ནི་ཨིནམ་བཞིན་དུ་ ཤར་ཕྱོགས་རྫོང་ཁག་ ལྷུན་རྩེ་ཨའུ་མཚོ་རྣམ་གྲོལ་གླིང་དགོན་འཛིན་གྲྭ་ཚང་ནང་ཡང་ སྐུ་མཆོད་གནང་པའི་བསྒང་འདུག།

ལོ་རྒྱུས་ཚུ་དང་འཁྲིལཝ་ད་ དཔལ་ལྡན་འབྲུག་པ་རིན་པོ་ཆེ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ བདེ་བ་ཅན་གྱི་ཞིང་ཁམས་ལུ་ སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྱན་སྔར་ འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་ སྐུ་སྐྱེས་བཞེས་ཏེ་ སེམས་ཅན་ཚུ་གི་ འགྲོ་དོན་ཚད་མེད་མཛད་ཡོདཔ་བཞིན་དུ་ བྱང་ཕྱོགས་ཤམྦྷ་ལ་ལུ་ རིགས་ལྡན་པདྨ་དཀར་པོ་དང་ བོད་ལུ་ བོད་ཁམས་སྐྱོང་བའི་ ཆོས་རྒྱལ་སྲོང་བཙན་སྒམ་པོ་ ཟ་ཧོར་གཡུས་ལུ་ མཁན་ཆེན་བྷོ་དྷི་སཏྭ་ དེ་ལས་ ཁ་ཆེའི་གཡུས་ལུ་ པཎ་ཆེན་ནཱ་རོ་ཏ་པ་དང་ གཉལ་སྨད་སྙི་བའི་རིགས་ལས་ ཆོས་རྗེ་དྭགས་པོ་ལྷ་རྗེ་ཚུ་གི་ སྐུ་སྐྱེས་བཞེས་ཡོདཔ་ཨིན་པས།

དེ་ལས་ མྱང་སྟོད་རྒྱའི་རིགས་ལས་ ཆོས་རྗེ་གཙང་པ་རྒྱ་རས་ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ལུ་ བྱང་སེམས་སྣང་བ་རྡུལ་བྲལ་དང་ རིམ་པ་བཞིན་དུ་ ཤར་ཕྱོགས་ཀོང་བུའི་གཡུས་ལུ་ ཀུན་མཁྱེན་པདྨ་དཀར་པོ་ལ་སོགས་པའི་ སྐུ་སྐྱེས་བཞེས་ཏེ་ འགྲོ་དོན་མཛད་པའི་མཐའ་མར་ སྤྱི་ལོ་༡༥༩༤ རབ་བྱུང་༡༠ པའི་ཤིང་རྟ་ རང་ཟླ་༡༡ པའི་ཚེས་༡༡ ལུ་ བོད་ཡུལ་གནམ་འབྲུག་བྱང་ཆུབ་གླིང་གི་ མགར་གྲོང་ཟེར་ས་ལས་ དཔལ་ལྡན་འབྲུག་པའི་གདུང་རབས་དྲི་མ་མེད་པ་ལས་བྱོན་པའི་ ཡབ་བསྟན་པའི་ཉི་མ་དང་ ཡུམ་བསོད་ནམས་དཔལ་གྱི་བུ་ཁྲིད་༢ ལས་ རྟགས་མཚན་བཟང་པོ་དང་བཅས་ སྐུ་འཁྲུངས་ཡོདཔ་ཨིན་པས།

ཞབས་དྲུང་སྐུ་མཆོད་སྐབས་ གཞུང་འབྲེལ་ངལ་གསོ་བཞག་མི་དེ་ཡང་ ཞབས་དྲུང་རིན་པོ་ཆེ་གིས་ ང་བཅས་རའི་ ལྷོ་མོན་ཁ་བཞིའི་རྒྱལ་ཁབ་འདི་ དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་ཡུལ་གཅིག་ལུ་བཟོ་གནང་སྟེ་ ཆོས་སྲིད་ལུགས་༢ ཀྱི་ གཞུང་འགོ་བཙུགས་ རྒྱལ་ཁབ་ཀྱི་ རང་དབང་སྒྲིང་སྒྲི་བཟོ་གནང་ཞིནམ་ལས་ཚུར་ རང་དབང་རང་བཙན་གྱི་ རྒྱལ་ཁབ་འབད་དེ་ བདེ་སྐྱིད་གཉིས་ལྡན་གྱི་ཐོག་ གནས་ཚུགས་པའི་ སྐལ་བ་བྱུང་མི་ལུ་བརྟེན་ བཀྲིན་བླ་ན་མེད་པ་ཚུ་ རྗེས་དྲན་ཞུ་ནིའི་དོན་ལུ་ཨིན་པས།

དེ་འབདཝ་ལས་ ཞབས་དྲུང་སྐུ་མཆོད་ཀྱི་ དུས་ཆེན་སྐབས་ ང་བཅས་འབྲུག་མི་ཚུ་གིས་ ཞབས་དྲུང་རིན་པོ་ཆེའི་གསོལ་འདེབས་ འཇིག་རྟེན་དབང་ཕྱུག་ལ་སོགས་པའི་ ཕྱག་མཆོད་གསོལ་འདེབས་ཚུ་ལུ་ བརྩོན་དགོཔ་མ་ཚད་ ཞབས་དྲུང་ལུ་ གསོལ་བ་རྩེ་གཅིག་ཏུ་བཏབ་པ་ཅིན་ རང་ར་སོ་སོ་དང་ ལྷག་པར་དུ་ རྒྱལ་ཁབ་ནང་ རྐྱེན་བར་ཆད་ཚུ་མ་འབྱུང་བར་ བྱིན་གྱིས་བརླབས་ཏེ་ བསྟན་པ་ཡུན་རིང་གནས་པའི་ རྟེན་འབྲེལ་ཡོད་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *