༉ རྒྱལ་ཁབ་ནང་ སྐད་རིགས་༢༠ ལྷགཔ་ཅིག་ཡོད་པའི་གྲས་ལས་ མི་མང་ཤོས་ཅིག་གིས་ ཚངས་ལ་ཁ་ཟེར་ ཤར་ཕྱོགས་པའི་ཁ་སྐད་དེ་ ལག་ལེན་འཐབ་ཨིན་པས།
དཔལ་འབྲུག་ཞིབ་འཇུག་ལྟེ་བ་གིས་ སྐད་རིགས་ཚུ་གི་སྐོར་ལས་ བརྟག་ཞིབ་འབད་མིའི་ སྙན་ཞུ་དང་འཁྲིལ་བ་ཅིན་ རྒྱལ་ཁབ་ནང་ མི་རློབས་༧༠༠,༠༠༠ ལྷགཔ་ཅིག་ ཡོད་ས་ལས་ བརྒྱ་ཆ་༣༣.༧༢ ཀྱིས་ ཚངས་ལའི་ཁ་སྐད་དེ་ ལག་ལེན་འཐབ་མས་ཟེར་ཨིན་པས།
ཚངས་ལའི་ཁ་སྐད་ སླབ་མི་དེ་ ངོ་མ་ར་ མོང་སྒར་དང་ བཀྲ་ཤིས་སྒང་ པདྨ་དགའ་ཚལ་ བསམ་གྲུབ་ལྗོངས་མཁར་ དེ་ལས་ བཀྲ་ཤིས་གཡང་རྩེའི་ རྫོང་ཁག་ཚུ་ནང་ཨིན་རུང་ ལྷུན་རྩེ་གི་ས་གནས་ ཐིམ་ཡུལ་དང་ གཞལམ་སྒང་རྫོང་ཁག་འོག་གི་ འབྱོག་དཀར་རྒེད་འོག་ཚུ་ནང་ཡང་ ཡོདཔ་ཨིན་མས།
དེ་མ་ཚད་ ད་རེས་ རྫོང་ཁག་སོ་སོའི་ མི་མང་ཤོས་ར་ ཁྲོམ་ཁར་ གཞི་བཅགས་མི་དང་ གནས་སྤོ་འོང་མི་ དེ་ལས་ ལཱ་གཡོག་གི་དོན་ལུ་ འོང་ནི་དེ་གིས་ ཚངས་ལའི་ཁ་སྐད་རྐྱབ་མི་ ཐིམ་ཕུག་དང་ ཕུན་ཚོགས་གླིང་ སྤ་རོ་ལ་སོགས་པའི་ས་གནས་ ལེ་ཤ་ཅིག་ནང་ ཡོདཔ་བཞིན་དུ་ ཐིམ་ཕུག་རྐྱངམ་གཅིག་ནང་ར་ ཚངས་ལའི་ཁ་སྐད་རྐྱབ་མི་ བརྒྱ་ཆ་༣༣.༩ ཡོདཔ་ཨིན་པས།
བརྟག་ཞིབ་སྙན་ཞུ་དང་འཁྲིལ་བ་ཅིན་ ཚངས་ལའི་ཁ་སྐད་ ལག་ལེན་འཐབ་མི་ ངོ་མ་ར་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ཨིནམ་ད་ དེའི་གྲས་ལས་ཡང་ ལག་ལེན་འཐབ་མི་ མཐོ་ཤོས་དེ་ པདྨ་དགའ་ཚལ་རྫོང་ཁག་ནང་ བརྒྱ་ཆ་༩༦.༨༦ ཡོདཔ་ད་ དེའི་འོག་ལས་ བཀྲིས་སྒང་ལུ་ བརྒྱ་ཆ་༨༥.༥༢ བསམ་གྲུབ་ལྗོངས་མཁར་ལུ་ བརྒྱ་ཆ་༧༧.༡༤ དེ་ལས་ མོང་སྒར་ལུ་ བརྒྱ་ཆ་༧༤.༤༦ ཡོདཔ་ཨིན་པས།
ཚངས་ལའི་ཁ་སྐད་ཀྱི་ འོག་ལས་ར་ རྫོང་ཁ་ལག་ལེན་འཐབ་མི་ བརྒྱ་ཆ་༢༡.༡༣ ཡོདཔ་ད་ རྫོང་ཁ་དེ་ ནུབ་ཕྱོགས་རྫོང་ཁག་ཚུ་གི་ ཁ་སྐད་ཨིནམ་ལས་ སྤུ་ན་ཁ་རྫོང་ཁག་ནང་ ལག་ལེན་འཐབ་མི་ བརྒྱ་ཆ་༧༩.༢༣ དང་ སྤ་རོ་ལུ་ བརྒྱ་ཆ་༧༩.༠༢ དབང་འདུས་ལུ་ བརྒྱ་ཆ་༦༥.༧༨ དེ་ལས་ ཧཱ་ལུ་ བརྒྱ་ཆ་༥༢.༡༤ ཡོདཔ་ཨིན་པས།
སྐད་རིགས་ལག་ལེན་འཐབ་མིའི་གྲས་ལས་ ཨང་༣ པ་དེ་ ལྷོ་མཚམས་པའི་ཁ་སྐད་ ཨིནམ་བཞིན་དུ་ ཁ་སྐད་ལག་ལེན་འཐབ་མི་དེ་ རྒྱལ་ཁབ་ཀྱི་ མི་རློབས་༧༠༠,༠༠༠ ལྷགཔ་ཅིག་ཡོད་ས་ལས་ བརྒྱ་ཆ་༡༨.༦༩ ཡོདཔ་ཨིན་པས།
ལྷོ་མཚམས་པའི་ཁ་སྐད་ ལག་ལེན་འཐབ་མི་མཐོ་ཤོས་ བསམ་རྩེ་རྫོང་ཁག་ནང་ བརྒྱ་ཆ་༥༦.༢༥ དང་ རྩི་རང་ལུ་ བརྒྱ་ཆ་༤༣.༧༥ གསར་སྤང་ལུ་ བརྒྱ་ཆ་༣༩.༨༠ ཆུ་ཁ་ལུ་༣༨.༧༤ དེ་ལས་ དར་དཀར་ནང་ལུ་ བརྒྱ་ཆ་༣༤.༢༣ ཡོདཔ་ཨིན་པས།
ཁ་སྐད་ཉུང་ཤོས་ ལག་ལེན་འཐབ་མི་དེ་ ཨིང་ལིཤ་ཨིནམ་ད་ མ་གཞི་ ཨིང་ལིཤ་དེ་ རྒྱལ་སྤྱིའི་ཁ་སྐད་ཨིན་རུང་ ཡིག་ཚང་དང་ སློབ་གྲྭ་ སྤེལ་ཁང་ དེ་ལས་ ཁྲོམ་ཁར་མ་གཏོགས་ གཡུས་སྒོ་ཚུ་ནང་ ལག་ལེན་འཐབ་མི་མངམ་ མེདཔ་ཨིན་པས།
སྐད་རིགས་གཞན་ ལ་ཁ་ ལྷོག་པུ་ ལེབ་ཅ་ གཉན་ཁ་ ཨོ་ལེ་ དུར་ཁ་ བུམ་ཐང་པའི་ཁ་ ཁེངས་ཁ་ དགོངས་འདུས་པའི་ཁ་ ཀུར་སྟོད་པའི་ཁ་ ཁྱོད་ཅག་ང་ཅག་ ཆ་ལི་པའི་ཁ་ ཛ་ལའི་ཁ་ བོད་ཁ་ དྭགས་པའི་ཁ་ འབྱོག་པའི་ཁ་ དེ་ལས་ མོན་ཁ་ལ་སོགས་པ་ཚུ་ཨིན་པས།
རྒྱལ་ཁབ་ནང་ སྐད་རིགས་མ་འདྲཝ་ ལེ་ཤ་ཡོད་པའི་གྲས་ལས་ ཉམས་འགྱོ་ནིའི་ ཉེན་ཁ་ཡོད་མི་དེ་ མོང་སྒར་ ཆ་ལི་པའི་ཁ་དང་ དབང་འདུས་ཕོ་བྲང་ དེ་ལས་ ཀྲོང་གསར་གྱི་མོན་ཁ་དེ་ ལག་ལེན་འཐབ་མི་ མངམ་མེད་ནི་དེ་གིས་ ཨིན་པའི་གནས་ཚུལ།
བསྟན་འཛིན་རྣམ་རྒྱལ།