རྒྱལ་ཁབ་ནང་ བཙན་གཡེམ་གྱི་བྱ་ངན་ ཡར་སེང་འགྱོ་བའི་ཚ་གྱང་།

༉ འཕྲལ་ཁམས་ཅིག་ཁར་ སྤ་རོ་ལུ་ སྐྱེས་ལོ་༨ ལང་མི་ བུམོ་ཅུང་ཅིག་ལུ་ དབང་བཙོང་གི་སྒོ་ལས་ འདོད་སྤྱོད་དང་ དམར་བསད་འབད་མི་ལུ་བརྟེན་ མི་སྡེའི་ནང་ རྣམ་རྟོག་དང་ ཁོང་ཁྲོ་ལང་པའི་ གཞི་གནད་ཅིག་ལུ་གྱུར་ཡོད།
ལ་ལོ་གིས་ ནག་ཅན་ཚུ་ལུ་ གཞུང་ཁྲིམས་སམ་ སྲོག་ཐོག་གི་ ཉེས་ཁྲིམས་བཀལ་བསྐྱར་འཛུགས་དང་ བཅའ་ཁྲིམས་ཚུ་ འཕྲི་སྣོན་འབད་དགོ་པའི་ ནན་བསྐུལ་འབད་ནུག།
རྩོད་དོན་དེ་ལུ་ བསམ་འཆར་འདྲ་མིན་སྣ་ཚོགས་བཀོད་མི་ལུ་ འོས་ཁུངས་སྦོམ་ཡོད་མི་དེ་ཡང་ ན་ཆུང་བུམོ་ལུ་ དབང་བཙོང་འདོད་སྤྱོད་ཀྱི་ཤུལ་ལས་ དམར་བསད་འབད་མི་དེ་ འགྲོ་བ་མིའི་སྤྱོད་པ་ལས་འདས་པའི་ བྱ་ངན་རྩུབ་དྲགས་ཅིག་འབད་ནི་དེ་གིས་ཨིན་མས།
བཙན་གཡེམ་གྱི་ རྩོད་དོན་དེ་ ད་རེས་འགོ་དང་པ་ བྱུངམ་མེན་པར་ དུས་དང་དུས་སུ་ བྱུང་བཞིན་དུ་ཡོདཔ་ལས་ ཁྲིམས་འཕྲི་སྣོན་འབད་ནི་དང་ གོ་བརྡ་ཚུ་སྤྲོད་དགོ་པའི་སྐོར་ གྲོས་བསྡུར་རྒྱུན་ཆད་མེད་པར་འབད་བའི་ ནམ་དུས་ལུ་བྱུངམ་ད་ སེམས་ཕམ་བྱུངམ་མས།
དབང་བཙོང་འདོད་སྤྱོད་འབད་མི་དེ་ ཀླ་ཀློའི་བྱ་སྤྱོད་ཅིག་ཨིན་པའི་ཁར་ འགྲོ་བ་མིའི་ཐོབ་དབང་ལུ་ གུས་ཞབས་དང་ བརྩི་མཐོང་མེད་པའི་ གནོད་འགེལ་ཅིག་འབདཝ་ལས་ ཉེས་ལས་འཐབ་མི་ཚུ་ལུ་ ཁྲིམས་དང་འཁྲིལ་ དང་ལེན་དམ་སྒྲིང་འབད་དགོཔ་སྦེ་ ལ་ལོ་གིས་ མི་སྡེ་བརྡ་བརྒྱུད་ནང་ གསལ་བཀོད་འབད་ནུག།
སྤ་རོའི་བྱུང་རྐྱེན་གྱི་ཐད་ལུ་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ལས་ ད་ལྟོ་ ཞིབ་དཔྱད་ཀྱི་ གྲུབ་འབྲས་ག་དེ་སྦེ་འོང་ག་ སླབ་མི་ཚུགས་ནི་ཨིན་རུང་ ས་ཁོངས་ཀྱི་ གནས་སྟངས་དང་ ཚེ་འདས་བུམོ་ཅུང་གི་ ཕུངམ་ལུ་བལྟཝ་ད་ བཙན་གཡེམ་གྱི་ གནོད་འགེལ་འཐབ་ཡོད་པའི་ སྒྲུབ་བྱེད་ཚུ་ མངོན་གསལ་བྱུང་ནུག།
འབྲུག་འདི་ ནང་པ་སངས་རྒྱས་པའི་ ཆོས་ལྡན་གྱི་ རྒྱལ་ཁབ་ཅིག་ཨིན་པའི་ཁར་ མི་ཚུ་ཡང་ བྱམས་བརྩེ་ཅན་དང་ སྙིང་རྗེ་ཅན་གྱི་ མི་སྡེ་ཅིག་འབདཝ་ལས་ ནག་ཅན་ཚུ་ལུ་ སྲོག་ཐོག་གི་ ཉེས་ཁྲིམས་བཀལ་ནི་དེ་ འོས་ལྡན་ཅིག་མེན་རུང་ ཉེས་ལས་འཐབ་མི་དང་འཁྲིལ་བའི་ ཉེས་ཁྲིམས་སྨིན་དགོ།
སྤ་རོ་ལུ་ བྱ་ངན་བྱུང་པའི་ བདུན་ཕྲག་ནང་ དར་དཀར་ནང་རྫོང་ཁག་ནང་ སྐྱེས་ལོ་༥ ལང་མི་ བུམོ་ཅུང་ཅིག་ལུ་ དབང་བཙོང་འདོད་སྤྱོད་ཀྱི་ དཔའ་བཅམ་ཡོདཔ་བཞིན་དུ་ དུས་ནམ་མི་འགྱུར་མི་རྣམས་འགྱུར་ཟེར་ སླབ་སྲོལ་ཡོདཔ་བཟུམ་སྦེ་ ང་བཅས་རའི་ མི་ཚུ་གི་ མནོ་ཐངས་མ་འདྲཝ་དང་ འདོད་ཆགས་ལུ་ ཤུགས་ཆེ་བའི་སྟབས་ཀྱིས་ བྱ་ངན་འབདཝ་ཨིན་མས།
བཙན་གཡེམ་གྱི་ བྱ་ངན་ཚུ་ ག་ཅི་སྦེ་ བྱུངམ་ཨིན་ན?
གནད་དོན་དེ་གི་སྐོར་ལས་ ཞིབ་འཇུག་འབད་འབདཝ་མེད་རུང་ དབང་བཙོང་འདོད་སྤྱོད་ཚུ་ མང་ཤོས་ར་ མི་སྡེ་དང་ བཟའ་ཚང་ནང་འཁོད་ དེ་ལས་ ཁྱིམ་ནང་བྱུང་དོ་ཡོདཔ་ད་ བཙན་གཡེམ་གྱི་ ཉེན་ཁ་ཆེ་ཤོས་ར་ ང་བཅས་ཀྱིས་ བྱ་ངན་འབྱུང་འོང་ཟེར་ མནོ་བསམ་ར་མེད་པའི་ ས་ཁོངས་ནང་ བྱུངམ་ཨིན་མས།
མ་གཞི་ བཟོད་བསྲན་མེད་པའི་ བྱ་ངན་ཚར་རེ་འབདཝ་ད་ ཁོང་ཁྲོ་ལང་མི་ཚུ་གིས་ ནག་ཅན་ཚུ་ལུ་ དམའ་ཕབ་རྐྱབ་སྟེ་ སྲོག་ཐོག་གི་ ཉེས་ཁྲིམས་དང་ ཡང་ཅིན་ ཕོ་མཚན་ལ་སོགས་པ་ བཏོག་གཏང་དགོ་པའི་ བློ་འདོད་བཀོདཔ་ཨིན་རུང་ དེ་གིས་ དབང་བཙོང་འདོད་སྤྱོད་དང་འབྲེལ་བའི་ དཀའ་ངལ་སེལ་མི་ཚུགས།
ད་ལས་ཕར་ འདི་བཟུམ་མའི་ ཉེས་ལས་ཚུ་ ག་དེ་སྦེ་ སྔོན་འགོག་འབད་ནི་དང་ དཀའ་ངལ་སེལ་ཐབས་འབད་ནངའི་སྐོར་ གྲོས་བསྡུར་འབད་དགོཔ་འདུག།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *