ཏམ་ཁུ་ལག་ལེན་མི་འཐབ་ནིའི་ བརྡ་འཕྲིན་གསལ་སྟོན་འབད་བའི་བསྒང་།

རྒྱལ་ཁབ་ནང་ ན་གཞོན་བརྒྱ་ཆ་༢༨ ཀྱིས་ ཏམ་ཁུ་ལག་ལེན་འཐབ་པའི་ ངོས་འཛིན།

༉ སྤྱི་ལོ་༢༠༡༦ གི་ རྒྱལ་སྤྱི་སློབ་གྲྭའི་གནས་ཚད་ཀྱི་ སློབ་ཕྲུག་ཚུ་གི་ འཕྲོད་བསྟེན་ཞིབ་འཚོལ་དང་འཁྲིལཝ་ད་ འབྲུག་རྒྱལ་ཁབ་ནང་ ཨ་ལོ་གཞོན་སྐྱེས་བརྒྱ་ཆ་༢༨ ཀྱིས་ ཏམ་ཁུ་ལག་ལེན་འཐབ་དོ་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་པས།
འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱི་ ལས་རིམ་སྤྱི་ཁྱབ་འགོ་དཔོན་འོགམ་ འཆི་མེད་རྡོ་རྗེ་གིས་ བཤད་མི་དང་འཁྲིལཝ་ད་ ཏམ་ཁུ་ལུ་བརྟེན་ཏེ་ མི་ཤི་རྐྱེན་བྱུང་མི་ཚུ་ ད་རེས་ནངས་པ་ ན་གཞོན་ཚུ་གིས་ ཚབ་སྦེ་ ལག་ལེན་འཐབ་དོ་ཡོདཔ་ལས་ ཏམ་ཁུ་གིས་ ག་དེམ་ཅིག་གནོད་པ་ཡོདཔ་ཨིན་ན་ ཧ་གོ་ཞིནམ་ལས་ འཛེམ་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
ཁ་ཙ་ ཐིམ་ཕུག་བདེ་ཆེན་ཆོས་གླིང་འབྲིང་རིམ་སློབ་གྲྭ་གོང་མའི་ནང་སྦེ་ ཏམ་ཁུ་དང་ དོན་ཧིང་གི་ནད་གཞི་ཟེར་བའི་ བརྗོད་དོན་ཐོག་ལས་ ཏམ་ཁུའི་ཉིནམ་ བརྩི་སྲུང་འབད་ཡི།
འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ འཕྲོད་བསྟེན་འགོ་དཔོན་ ཌོག་ཊར་སུ་རཱཇ་མན་ ཤེ་རེསཊ་གིས་ བཤད་མིའི་ནང་ ལོ་ངོ་བཅུ་ཕྲག་གཅིག་དེ་ཅིག་གི་རིང་ ཏམ་ཁུ་གི་སྐོར་ལས་ གོ་བ་བརྡ་སྤྲོད་ཀྱི་ལས་རིམ་ལུ་ བརྩོན་ཤུགས་བསྐྱེད་མི་དེ་གིས་ ཏམ་ཁུའི་གནོད་སྐྱོན་ག་དེ་སྦེ་ཡོདཔ་ཨིན་ནའི་སྐོར་ལས་ ལེགས་ཤོམ་སྦེ་ར་ ཧ་གོ་ཚུགས་ཟེར་ཨིན་པས།
ཏམ་ཁུ་ལུ་བརྟེན་ཏེ་ རང་གི་ཚེ་སྲོག་ལུ་གནོད་པའི་ནད་གཞི་ གློཝ་གི་ཀེན་སར་ དབུགས་གཏོང་ལེན་གྱི་ཀེན་སར་ ཁ་དང་ལྐོད་མའི་དོང་གི་ཀེན་སར་ལ་སོགས་པ་ཚུ་ ཐོབ་དོ་ཡོདཔ་སྦེ་ཨིན་པས།
ཏམ་ཁུ་ནང་ རང་གི་གཟུགས་ལུ་གནོད་པའི་ རྫས་སྦྱོར་མ་འདྲཝ་༤༠༠༠ ཡོདཔ་ལས་ གཟུགས་ལུ་གནོད་པའི་རྫས་སྦྱོར་དེ་གིས་ ཁྲག་རྩ་ནང་ལས་ གཟུགས་ཁར་འཛུལ་ཏེ་ ཀེན་སར་གྱི་ནད་གཞི་ཚུ་ལུ་བརྟེན་ ཐོབ་དོ་ཡོདཔ་སྦེ་ཨིན་པས།
ཁོ་གིས་འབད་བ་ཅིན་ ལོ་བསྟར་བཞིན་དུ་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ནང་ མི་ས་ཡ་༡.༦ དེ་ཅིག་ ཏམ་ཁུ་ལུ་བརྟེན་ཏེ་ ཤི་རྐྱེན་བྱུང་དོ་ཡོདཔ་ལས་ དེ་གིས་ རྒྱལ་ཁབ་ཀྱི་ ཡུན་བརྟན་གོང་འཕེལ་ལུ་ ཐོ་སྦོམ་ཕོག་དོ་ཡོདཔ་སྦེ་ཨིན་པས།
ཌོག་ཊར་སི་རཇ་མཱན་གྱིས་འབད་བ་ཅིན་ ཏམ་ཁུ་དེ་ མཁོ་མངགས་དང་ བཀྲམ་སྤེལ་མར་ཕབ་འབད་ཐོག་ལས་ བཀག་འཛིན་འབད་ཚུགས་ཟེར་ཨིན་པས།
ཏམ་ཁུ་ལག་ལེན་འཐབ་ནི་དེ་ ལྟ་རྟོག་འབད་ནི་དང་ ཁྲལ་ཡར་སེང་འབད་ནི་ ཏམ་ཁུ་གཅད་བཅུག་ནི་ ཏམ་ཁུ་བཀག་ཆ་འབད་ནི་ ལ་སོགས་པ་ཚུ་ལས་ བཀག་འཛིན་འབད་ཚུགསཔ་ཨིན་ཟེར་ཨིན་པས།
མ་གཞི་ གཞོན་སྐྱེས་ཚུ་གིས་ ག་ཅི་སྦེ་ཏམ་ཁུ་འཐུང་ནི་ལུ་ བརྩོན་ཤུགས་དང་ འགོ་བཙུགསཔ་ཨིན་ན་ དེ་གི་ལྟ་རྟོག་ ལེགས་ཤོམ་འབད་དགོཔ་འདུག་ཟེར་ཨིན་པས།
འཆི་མེད་རྡོ་རྗེ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་འཁོད་ཀྱི་ ཁྲོམ་སྡེ་བཞིཔོ་ཆ་ར་ནང་ ཏམ་ཁུ་གི་ཉིནམ་ བརྩི་སྲུང་འབད་དོ་ཡོདཔ་ད་ དེ་ཡང་ སྤྲོ་སྟོན་ཁང་ཚུ་ མང་ཆེ་ཤོས་ཅིག་ ཁྲོམ་སྡེ་ནང་ ཡོད་ནི་དེ་གི་ ཨིནམ་སྦེ་བཤད་ཅི།
ད་ལས་ཕར་ གོ་བ་བརྡ་སྤྲོད་ནུས་ཤུགས་ཅན་དང་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱི་ ཡུན་རིངམོ་གི་ཐབས་བྱུས་བཟུམ་ཅིག་སྦེ་ ཁྲོམ་སྡེ་ཚུ་ཡང་ འབྲེལ་གཏོགས་འབདཝ་ཨིན་པས།
ཐིམ་ཕུག་ཁྲོམ་སྡེ་གིས་ བདེ་ཆེན་ཆོས་གླིང་འབྲིང་རིམ་སློབ་གྲྭ་གོང་མ་ གདམ་འཐུ་འབད་དགོ་མི་དེ་ཡང་ སློབ་གྲྭ་དེ་ནང་ སློབ་ཕྲུག་༢༠༠༠ ལྷགཔ་ཅིག་ཡོད་མི་དེ་ མཐོ་ཤོས་ཅིག་ འབད་ནི་དེ་གི་ཨིན་པས།
ཉིནམ་བརྩི་སྲུང་ཞུ་ནིའི་དོན་ལུ་ ཁྲོམ་སྡེ་རེ་ལུ་ དངུལ་ཀྲམ་༡༢༠,༠༠༠ བྱིན་ཡོདཔ་སྦེ་ འཆི་མེད་རྡོ་རྗེ་གིས་ བཤད་ཅི།
དེ་བཟུམ་སྦེ་ གསོ་བའི་ཁ་ཐུག་ལས་ ཁྲག་ཤུགས་དང་ གུ་རམ་གྱི་ནད་གཞི་ལ་སོགས་པ་ཚུ་ བརྟག་དཔྱད་འབད་ཡོདཔ་མ་ཚད་ ཏམ་ཁུ་ལག་ལེན་གྱི་ རིག་རྩལ་འགྲན་བསྡུར་ཚུ་ཡང་ འགོ་འདྲན་འཐབ་ནུག།
འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་འབད་བ་ཅིན་ འཛམ་གླིང་ཏམ་ཁུའི་ནད་ཡམས་དེ་གིས་ ལོ་བསྟར་བཞིན་དུ་ མི་ས་ཡ་༧ དེ་ཅིག་ལུ་ ཤི་རྐྱེན་བྱུང་དོ་ཡོདཔ་སྦེ་ཨིནམ་ད་ དེ་ནང་ལས་ མི་༩༠༠.༠༠༠ དེ་ཅིག་གིས་ ཏམ་ཁུ་ལག་ལེན་མ་འཐབ་སྟེ་འབད་རུང་ གཞན་གྱིས་སྤྱོད་མི་ ཏམ་ཁུའི་དུ་པ་ གཟུགས་ཁར་འཛུལ་མི་ལུ་བརྟེན་ གནོད་སྐྱོན་བྱུང་དོ་ཡོདཔ་སྦེ་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *