རྒྱལ་ཁབ་ནང་ དཔལ་འབྱོར་དང་འབྲེལ་བའི་ལས་སྣ་གཙོ་བོ་༢ ལུ་ ཤུགས་བཏོན་ཡོདཔ།

༉ རྒྱལ་ཁབ་ནང་ དཔལ་འབྱོར་དང་འབྲེལ་བའི་ ཚོང་འབྲེལ་གཞི་བཙུགས་འབད་མི་ལུ་བལྟ་བ་ཅིན་ དཔལ་འབྱོར་དེ་ དཔལ་འབྱོར་ལས་སྡེ་༢ ཀྱིས་ བཅུད་བསྡུཝ་ཨིན་པས།
འབྲུག་དཔལ་འབྱོར་དང་ཚོང་ལས་གྲངས་རྩིས་ཀྱི་ སྙན་ཞུ་དང་འཁྲིལཝ་ད་ དཔལ་འབྱོར་གྱི་ གཞི་བཙུགས་གཙོ་བོ་དེ་ སྦུང་ཚོང་དང་སིལ་ཚོང་ སྣུམ་འཁོར་བཅོ་ཁང་གིས་ ཁྱབ་སྟེ་འདུག་ཟེར་ཨིན་པས།
གཞི་བཙུགས་དེ་ཚུ་གིས་ ཚོང་འབྲེལ་ཡོངས་བསྡོམས་ལས་ བརྒྱ་ཆ་༦༢.༥ དེ་ཅིག་ཡོད་པའི་ཁར་ དེ་གི་ཤུལ་ལས་ སྡོད་གནས་དང་བཞེས་སྒོའི་ཞབས་ཏོག་བྱིན་མི་ བརྒྱ་ཆ་༢༡ དེ་ཅིག་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ ལས་སྡེ་སྦོམ་ཤོས་དེ་ར་ བཟོ་སྐྲུན་ལས་སྡེ་ནང་ བརྒྱ་ཆ་༥.༡ ཡོད་མི་དེ་ཨིནམ་ད་ དེ་གི་ནང་ལས་ཡང་ གཏིང་ནང་འགྱོ་བ་ཅིན་ སིལ་ཚོང་རྐྱབ་མི་བརྒྱ་ཆ་༩༣.༦ ཡོད་པའི་ཁར་ སྦུང་ཚོང་འབད་མི་བརྒྱ་ཆ་༣ དེ་ཅིག་གི་ རྩིས་ཡོདཔ་ཨིན་པས།
བཞེས་སྒོ་དང་ འཐུང་རིགས་ཞབས་ཏོག་ བརྒྱ་ཆ་༩༠.༢ དང་ སྡོད་གནས་ཀྱི་བརྒྱ་ཆ་༩.༨ དེ་ལས་ བཟོ་སྐྲུན་ལས་སྡེའི་གྲས་ལས་ ནང་ཆས་བཟོ་སྐྲུན་ བརྒྱ་ཆ་༡༥.༦ དང་ ཤིང་དང་དེ་ལས་ཐོན་པའི་ ཐོན་སྐྱེད་བརྒྱ་ཆ་༡༠.༥ ཡོད་པའི་ ངོས་འཛིན་བྱུང་ནུག།
སིལ་ཚོང་དང་སྦུང་ཚོང་དེ་ རྒྱལ་ཁབ་ནང་རྐྱངམ་གཅིག་ མང་སུ་ཡོདཔ་མེན་པར་ རྫོང་ཁག་ག་རའི་ནང་ ཚོང་འབྲེལ་དེ་ མང་སུ་ གཞི་བཙུགས་འབད་དེ་ཡོདཔ་ཨིན་པས།
གྱངས་ཁ་ལས་བཅད་པ་ཅིན་ ལྷུན་རྩེ་ལུ་ བརྒྱ་ཆ་༧༧.༥ ཡོད་པའི་ཁར་ ཆུ་ཁ་རྫོང་ཁག་ནང་ བརྒྱ་ཆ་༥༤.༡ དང་ སྡོད་གནས་དང་བཞེས་སྒོ་དྲང་ནིའི་ཞབས་ཏོག་དང་འབྲེལ་བའི་ ཚོང་ལཱའི་ཐད་ རྒྱལ་ཡོངས་གནས་ཚད་ནང་ ཡོངས་གྲགས་གཉིས་པའི་ ཚོང་ལཱ་ཅིག་སྦེ་ ཡོདཔ་ཨིན་པས།
དེ་ཡང་ རྫོང་ཁག་གསུམ་ནང་ བརྒྱ་ཆ་༣༠ དེ་ཅིག་ཡོད་པའི་ཁར་ མཁར་ས་ལུ་འབད་བ་ཅིན་ བརྒྱ་ཆ་༤༡.༥ ཡོདཔ་ད་ ཉུང་ཤོས་ར་ བཀྲིས་སྒང་དང་ རྩི་རང་རྫོང་ཁག་ནང་ བརྒྱ་ཆ་༩.༥ ཡོདཔ་ཨིན་པས།
ལུང་ཕྱོགས་ལས་བཅད་པ་ཅིན་ ནུབ་ཕྱོགས་དང་ ལྷོ་མཚམས་ཁ་ཐུག་ནང་ དཔལ་འབྱོར་དང་འབྲེལ་བའི་ ཚོང་འབྲེལ་གཞི་བཙུགས་འབད་མི་དེ་ བརྒྱ་ཆ་༣༩.༥ དང་ བརྒྱ་ཆ་༣༦.༩ ཡོདཔ་ཨིན་པས།
ཤར་ཕྱོགས་ལུང་ཕྱོགས་ནང་ བརྒྱ་ཆ་༡༧.༨ ཡོད་པའི་ཁར་ དབུས་ཕྱོགས་རྫོང་ཁག་ནང་ བརྒྱ་ཆ་༥.༨ ལས་མེད་མི་དེ་ ཉུང་ཤོས་ཨིན་པས།
ཁྲོམ་སྡེ་ཚུ་ནང་ཡང་ བཞེས་སྒོ་དང་ སྦུང་ཚོང་དང་འབྲེལ་བའི་ ཚོང་ལཱ་གཞི་བཙུགས་འབད་མི་དེ་ མཐོ་ཤོས་ཡོད་པའི་ཁར་ དགེ་ལེགས་ཕུག་བཟུམ་ཅིག་ནང་འབད་བ་ཅིན་ སྦུང་ཚོང་གི་ལཱ་འབད་མི་ བརྒྱ་ཆ་༦༥ ཡོད་པའི་ཁར་ ཐིམ་ཕུག་ཁྲོམ་སྡེ་ནང་ བརྒྱ་ཆ་༦༣ དེ་ཅིག་དང་ བསམ་གྲུབ་ལྗོངས་མཁར་ལུ་ བརྒྱ་ཆ་༥༧ དེ་ལས་ ཕུན་ཚོགས་གླིང་ཁྲོམ་སྡེ་ནང་ བརྒྱ་ཆ་༤༧ ཡོད་མི་དེ་ ཉུང་ཤོས་ཨིན་པས།
དཔལ་འབྱོར་ཐོག་ལས་ ལཱ་གཡོག་གི་ སྐབས་༧༤,༠༠༠ བཟོ་མི་ལས་ མཐོ་ཤོས་ར་ བརྒྱ་ཆ་༢༤.༡ བཙུགས་མི་དེ་ སྦུང་ཚོང་གི་ ཚོང་ལཱ་ནང་ཨིནམ་ད་ ཚོང་ལཱ་དེ་ནང་ བརྒྱ་ཆ་༦༠ དེ་ཅིག་ ཚོང་ལཱ་གཞི་བཙུགས་འབད་མི་ཚུ་ བརྩིས་ཏེ་ཨིན་པས།
དེ་གི་ཤུལ་ལས་ བཟོ་སྐྲུན་ལས་སྡེ་ནང་ བརྒྱ་ཆ་༡༨.༥ གི་ ལཱ་གཡོག་གི་ ས་སྟོང་བཟོ་ཡོད་རུང་ ལཱ་གཡོག་དེ་ དཔལ་འབྱོར་དང་འབྲེལ་བའི་ཚོང་ལཱ་ནང་ འདྲན་འདྲ་སྦེ་ བགོ་བཀྲམ་འབད་དེ་མེདཔ་ཨིན་པས།
ཚོང་ལཱ་གི་ གནས་ཚད་དང་འཁྲིལ་བའི་ ལཱ་གཡོག་གི་གོ་སྐབས་དེ་ཡང་ ཚོང་ལཱ་ཆུང་ཀུ་ཚུ་ནང་ གཙོ་རིམ་བྱིན་ཏེ་ཡོདཔ་ལས་ བརྒྱ་ཆ་༨༤.༡ གི་རྩིས་ཨིན་རུང་ ཚོང་ལཱ་སྦོམ་ཚུ་གིས་ བརྒྱ་ཆ་༢༣ རྐྱངམ་གཅིག་གི་ ལཱ་གཡོག་བཟོ་ཚུགས་ཏེ་ཡོད་པའི་ མངོན་གསལ་བྱུང་ནུག།
མི་ཁུངས་ཀྱི་ཐད་ཁར་ ལས་མི་བརྒྱ་ཆ་༨༠ འབྲུག་མི་ཡོད་པའི་ཁར་ ལྷག་ལུས་བརྒྱ་ཆ་༢༠ དེ་ ཕྱི་མི་ཚུ་ཡོདཔ་ད་ ཕྱི་མི་༡༤,༠༠༠ ཡོདཔ་ཨིན་པའི་གནས་ཚུལ།
བཀྲིས་བསྟན་འཛིན།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *