རྒྱལ་ཁབ་ནང་ ཐགས་རས་བཟོ་གྲྭ་ཁང་ འགོ་དང་པ་ གཞི་བཙུགས་འབད་ཡོདཔ།

༉ བསམ་རྩེ་ དཱམ་དུམ་བཟོ་གྲྭའི་ས་ཁོངས་ནང་ བཟོ་གྲྭ་འཕྲུལ་ཁང་༢ རྐྱངམ་གཅིག་གིས་ ཐོན་སྐྱེད་འབད་ནི་ འགོ་བཙུགས་མི་གྲས་ལས་གཅིག་ འབྲུག་ཐགས་རས་བཟོ་གྲྭ་འཕྲུལ་ཁང་ཨིན་པས།

ཐོག་ཚད་༡ འབད་མི་ ཐགས་རས་བཟོ་གྲྭ་འཕྲུལ་ཁང་དེ་ཡང་ བཟོ་གྲྭའི་ས་ཁོངས་ ཨེ་ཀར་༣༤༩ འབད་མིའི་ གི་ཁུག་ཅིག་ནང་ རྐྱབ་སྟེ་ཡོདཔ་ད་ ད་རེས་ འཕྲུལ་ཁང་ནང་ འཕྲུལ་ཆས་དང་ ལས་མི་ཚུ་ འདུ་འཛི་ཅན་སྦེ་ ལཱ་འབད་སར་ མཐོངམ་ཨིན་པས།

འབྲུག་ལུ་ འགོ་དང་པ་ཨིན་མི་ ཐགས་རས་བཟོ་གྲྭ་འཕྲུལ་ཁང་དེ་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་དང་ གཞུང་དང་སྒེར་གྱི་ ཡིག་ཚང་ཚུ་ནང་ སྒྲིག་གོ་བཀྲམ་སྤེལ་འབད་ནི་ལུ་དམིགས་ཏེ་ གཞི་བཙུགས་འབད་ཡོདཔ་ཨིན་པས།

བུམ་ཐང་ ལྕམ་མཁར་ལས་ཨིན་མི་ ཚོང་རིག་ནང་ མཐོ་རིམ་ཤེས་ཡོན་འཆང་མི་དང་ ལྟ་བཤལ་ལམ་སྟོན་པ་བགྲེསཔ་ སྐྱེས་ལོ་༣༢ ལང་མི་ ཚེ་རིང་དོན་གྲུབ་ཀྱིས་ ནད་ཡམས་མ་འཐོན་པའི་ཧེ་མར་ ཁོ་ར་ ལམ་སྟོན་པ་སྦེ་ སྡོད་པའི་སྐབས་ ཐགས་རས་འཕྲུལ་ཁང་དེ་ལུ་ གོ་སྐབས་ལེགས་ཤོམ་མཐོང་བའི་ཤུལ་ལས་ གཞི་བཙུགས་འབད་ ཡོདཔ་ཨིན་པས།

ཚེ་རིང་དོན་གྲུབ་ཀྱིས་ ཚོང་ལཱ་འབད་ནིའི་དོན་ལས་ ཁོ་གིས་འབད་བ་ཅིན་ དོན་ཅན་སྦེ་ར་ ཚོང་རིག་ནང་ མཐོ་རིམ་ཤེས་ཡོན་སྦྱང་ཡོད་རུང་ ཕྱི་མི་ཅིག་གིས་ བསམ་འཆར་མ་བཤད་ཚུན་ ཚོང་འབྲེལ་འགོ་མ་བཙུགས་པར་ སྡོད་ཡོདཔ་ཨིན་པས།

མ་གཞི་ ད་རེས་ འབྲུག་ཐགས་རས་ཀྱིས་ ཚོང་མགྲོན་པ་༢ ལུ་ མི་ཊར་༢༠༠ འབད་མི་ ཐགས་རས་བཙོང་ཡོད་རུང་ བཟོ་གྲྭ་ཁང་གིས་ ཐགས་རས་ཐོན་སྐྱེད་འབད་ནི་ལུ་ འོས་འབབ་ལེ་ཤ་ཡོདཔ་ཨིན་པས།

ཚེ་རིང་དོན་གྲུབ་ཀྱིས་ སླབ་མིའི་ནང་ ཐིམ་ཕུག་ལུ་ཡོད་པའི་ ཚེམ་རྐྱབ་མི་ཚུ་དང་ འབྲེལ་བ་འཐབ་ཡོདཔ་བཞིན་དུ་ ཁོང་ཆ་ཁྱབ་ཀྱིས་ ཐགས་རས་ཚུ་ ཉོ་ནི་ལུ་ བློ་འདོད་སྦོམ་བསྐྱེདཔ་མས་ཟེར་ཨིན་པས།

རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་ག་རའི་ སྒྲིག་གོ་ཚུ་ བཙེམ་ནིའི་ལས་རིམ་ཡོདཔ་ད་ ཚེམ་རྐྱབ་མི་ཚོགས་སྡེ་གིས་ ལས་གཡོག་ལྷན་ཁག་ལུ་ གནད་དོན་དེ་གི་ གྲོས་འཆར་ཕུལ་ཡོདཔ་བཞིན་དུ་ ད་རེས་ གྲོས་བསྟུན་འབད་བའི་བསྒང་ཡོདཔ་ཨིན་པས།

རྒྱལ་ཁབ་ནང་ སློབ་གྲྭའི་སྒྲིག་གོ་བཙོང་མི་ སིལ་ཚོང་པ་ཚུ་གིས་ འབྲུག་ཐགས་རས་བཟོ་གྲྭ་ཁང་དང་ དྲི་དཔྱད་འབད་དོ་ཡོད་རུང་ ཁོང་གིས་ སྒྲིག་གོ་ཚུ་ཡང་ ཤུལ་མའི་ སློབ་དུས་ནང་རྐྱངམ་གཅིག་ལུ་ ཉོ་ཚུགས་ནི་ཨིན་པས།

འབྲུག་ཐགས་རས་བཟོ་གྲྭ་ཁང་གིས་ ཐགས་རས་ཀྱིས་མ་དོ་བར་ བསམ་རྩེ་ལུ་ སློབ་གྲྭའི་སྒྲིག་གོ་བཙེམ་ནི་ འགོ་བཙུགས་ནི་ཨིནམ་བཞིན་དུ་ ཚེམ་རྐྱབ་མི་དག་པ་ཅིག་ཡང་ འཛུལ་ཞུགས་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།

ད་རེས་ འབྲུག་ཐགས་རས་བཟོ་གྲྭ་ཁང་ནང་ ལས་བྱེདཔ་༡༣ ཡོདཔ་ད་ ད་རུང་ ཚེམ་རྐྱབ་མི་༡༡ གསར་བཙུགས་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།

མ་གཞི་ ཚེམ་རྐྱབ་ས་ཡང་ བཟོ་གྲྭ་ཁང་གི་ སྒྲིང་ཁྱིམ་ནང་ར་ བཟོ་སྟེ་ཡོདཔ་ད་ ཚེ་རིང་དོན་གྲུབ་ཀྱིས་ སླབ་མིའི་ནང་ ས་ཆ་ཨེ་ཀར་༡ དེ་ཅིག་ནང་ ལོགས་སུ་སྦེ་ ཚེམ་རྐྱབ་སའི་ས་ཁོངས་ཅིག་ རྐྱབ་འོང་ཟེར་ཨིན་པས།

འབྲུག་ཐགས་རས་བཟོ་གྲྭ་ཁང་གིས་ རྒྱུ་ཆ་དང་ འཕྲུལ་ཆས་ཚུ་ ཉོ་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༡༥ དེ་ཅིག་ མ་རྩ་བཙུགས་ཡོད་མི་ལས་ དངུལ་ཀྲམ་ས་ཡ་༤.༧ རྒྱལ་ཡོངས་སི་ཨེསི་ཨའི་དངུལ་ཁང་ལས་ སྐྱིན་འགྲུལ་ལེན་ཡོདཔ་ད་ ལྷག་ལུས་ཚུ་ ཁོ་ར་གིས་ བཏང་ཡོདཔ་ཨིན་པས།

མ་གཞི་ བཟོ་གྲྭ་ཁང་གི་གནས་སྟངས་དེ་ ལེགས་ཤོམ་མཐོང་དོ་ཡོད་རུང་ ཚེ་རིང་དོན་གྲུབ་ཀྱིས་ སླབ་མིའི་ནང་ ཐོན་སྐྱེད་མ་འབད་བའི་ཧེ་མར་ མ་དངུལ་མ་འཐོབ་མི་དང་ ནད་ཡམས་ལུ་བརྟེན་ གདོང་ལེན་ལེ་ཤ་ཅིག་ར་ བྱུང་ཡི་ཟེར་ཨིན་པས།

ཀོ་བིཌ་-༡༩ དང་འབྲེལ་བའི་ ཚད་འཛིན་འབད་མི་དེ་གིས་ སྐྱེལ་འདྲེན་ཟད་འགྲོ་དང་ ལས་མི་མ་འཐོབ་པའི་ དཀའ་ངལ་བྱུང་ཡོདཔ་ད་ བཟོ་གྲྭ་ཁང་ནང་ འཕྲུལ་ཆས་ཚུ་ དུས་ཚོད་ཁར་ བཙུགས་བསྒྲིགས་འབད་ཡོད་རུང་ རིག་རྩལ་ཅན་གྱི་ ལས་མི་མེདཔ་ལས་ གཡོག་བཀོལ་མ་ཚུགས་པར་ ལུས་སོ་ཡི་ཟེར་ ཚེ་རིང་དོན་གྲུབ་ཀྱིས་ བཤདཔ་ཨིན་པས།

ད་རེས་ བཟོ་གྲྭ་ཁང་ནང་ རྒྱུ་ཆས་གཙོ་ཅན་ སྐུདཔ་མ་འདྲཝ་ཚུ་ རྒྱ་གར་ལས་ ནང་འདྲེན་འབད་དོ་ཡོདཔ་ད་ ཤར་ཕྱོགས་རྫོང་ཁག་ནང་ ཀ་བལ་འཛུགས་སྐྱོང་འབད་མི་ཚུ་དང་ འབྲེལ་བ་འཐབ་པའི་སྐབས་ ལགཔ་གིས་བཟོ་བཟོཝ་ཨིནམ་ལས་ ཟད་འགྲོ་ལྕི་དྲགས་གནསཔ་ཟེར་ བཟོ་གྲྭ་འཕྲུལ་ཁང་གིས་ ཇོ་བདག་གིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ བཟོ་གྲྭ་ཁང་དེ་ ཚར་གཅིག་བཙུགས་པའི་སྐབས་ ཟད་འགྲོ་མངམ་འགྱོ་དོ་ཡོད་རུང་ གློག་མེའི་ཁྲལ་ གངམ་མ་ཕོག་མི་ལུ་བརྟེན་ ཚོང་འབྲེལ་དེ་ ཁེ་སང་ཅན་ཅིག་ཡོདཔ་བཞིན་དུ་ རྒྱལ་སྤྱི་ཚོང་ལམ་དང་གཅིག་ཁར་ཡང་ དོ་འགྲན་འབད་ཚུགས་ནི་མས་ཟེར་ཨིན་པས།

ཚེ་རིང་དོན་གྲུབ་ཀྱིས་ ཁོ་ར་ ཚོང་འབྲེལ་འགོ་བཙུགས་པའི་སྐབས་ ལོ་༢ ཀྱི་ནང་འཁོད་ལུ་ ཤེས་མྱོང་དང་ ལྷབ་སྦྱང་ལེ་ཤ་འབད་ཡི་ཟེར་ཨིནམ་ད་ ཚོང་འབྲེལ་གཞི་བཙུགས་འབད་ནི་ལུ་ དང་འདོད་ཅན་དང་ ན་གཞོན་ཚུ་གིས་ ཚོང་འབྲེལ་འབད་ནི་ལུ་ ཉེན་ཁ་ཡོད་པའི་སྐོར་ལས་ ཤེས་དགོཔ་ཁག་ཆེ་ཟེར་ ཁོ་གིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ ཡར་རྒྱས་འགྱོ་བའི་བསྒང་ཡོད་མི་ རྒྱལ་ཁབ་ཅིག་འབདཝ་ལས་ གོ་སྐབས་ལེ་ཤ་ཡོད་རུང་ ན་གཞོན་མང་ཤོས་ཅིག་གིས་ རྒྱུན་བརྟན་གྱི་ འོང་འབབ་ཚུ་ལུ་ ལྟཝ་མས་ཟེར་ཨིནམ་ད་ ང་གིས་ འབྲུག་ལུ་ ཐགས་རས་བཟོ་གྲྭ་ཁང་ཅིག་ གཞི་བཙུགས་བཞག་ཡི་ཟེར་ སླབ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *