བཙུགས་ཧོད་དཀརཔོ་ཚུ་ ཆུ་ཤོག་གི་གྲངས་སུ་ མ་ཚུདཔ་ཨིན་ན?

རྒྱལ་ཁབ་ནང་ ཆུ་ཤོག་བཀག་དམ་ ད་རུང་ དགོད་བྲ་བའི་ གཞི་གནད་ཅིག་ལུ་གྱུར་ཡོདཔ།

༉ རྡོག་མ་དང་ ཁྱེགས་ཟས་ཀྱི་ ཆུ་ཤོག་ཧོད་དང་ གྱིབ་ཤོག་གི་བཙུགས་ཧོད་ ལག་ལེན་འཐབ་ནི་ཚུ་ ལོ་ངོ་བཅུ་ཕྲག་༢ ཀྱི་ཧེ་མར་ བཀག་དམ་འབད་མི་དེ་ དུས་ཅི་ སྤྱི་ཟླ་༤ པ་ལས་ བཀག་དམ་འབད་མི་དེ་ ལོག་བསྟར་སྤྱོད་འབད་ནི་ འགོ་བཙུགས་ཡོད་རུང་ མི་མང་ལས་ ངོས་ལེན་ལེགས་ཤོམ་ཅིག་ མེདཔ་ཨིན་པས།
དེ་ཡང་ རྒྱལ་ཁབ་ནང་ ཆུ་ཤོག་ལག་ལེན་ཚུ་ ནན་བསྐྱར་དུ་ བཀག་དམ་འབད་དེ་ ཟླཝ་༣ ལང་ཡོད་རུང་ ད་རེས་ནངས་པར་ ཚོད་བསྲེ་བཙོང་མི་དང་ སྤྱིར་བཏང་གི་ བཟའ་འཐུང་བཙོང་མི་ཚོང་པ་ དེ་ལས་ ས་གནས་ཐདམ་ཐད་ཁ་ལས་ཕར་ ཚོང་ཆས་བཙོང་མི་ཚུ་གིས་ རྒྱ་ཆེཝ་སྦེ་ ལག་ལེན་འཐབ་སར་ མཐོངམ་ཨིན་པས།
སོ་ནམ་དང་ ནགས་ཚལ་བློན་པོ་ ཡེ་ཤེས་དཔལ་འབྱོར་གྱིས་ སྤྱི་ཟླ་༧ པའི་ཚེས་༢༦ ལུ་ ཟླ་རིམ་གྱི་ གནས་ཚུལ་ཞལ་འཛོམས་འཚོགས་པའི་སྐབས་ སླབ་མིའི་ནང་ ཆུ་ཤོག་ཧོད་ལག་ལེན་བཀག་དམ་དེ་ སྤྱི་ལོ་༡༩༩༩ ལུ་ འགོ་བཙུགས་ཞིནམ་ལས་ཚུར་ བསྟར་སྤྱོད་ནང་ གདོང་ལེན་བྱུང་ནུག་ཟེར་ཨིན་པས།
ཆུ་ཤོག་བཀག་དམ་འབད་བའི་ཤུལ་ལས་ དེ་གི་ཚབ་སྦེ་ ཐབས་ལམ་གཞན་བཏོན་དགོཔ་ཨིན་རུང་ ཐབས་ཤེས་ གཞན་མེདཔ་ལས་ གདོང་ལེན་འཕྲོ་མཐུད་དེ་ར་ འབྱུང་ནི་བཟུམ་ཡོད་རུང་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱིས་ ཆུ་ཤོག་གི་ཚབ་སྦེ་ གཞན་ག་ཅི་ལག་ལེན་འཐབ་པ་ཅིན་ དྲག་ནི་ཨིན་ན་ ཐབས་ལམ་བཏོན་པའི་བསྒང་ཡོད་ཟེར་ཨིན་པས།
ལྷན་ཚོགས་ཀྱི་ ཕྱགས་སྙིགས་འཛིན་སྐྱོང་ལས་ཚན་གྱི་ གཙོ་འཛིན་འགོ་དཔོན་ འཕྲིན་ལས་རྡོ་རྗེ་གིས་ སླབ་མིའི་ནང་ བཀག་དམ་འབད་མི་དེ་ ལེགས་ཤོམ་ཅིག་ཨིན་རུང་ ཁྲིམས་ལུགས་སྒྲིང་སྒྲི་སྦེ་ བསྟར་སྤྱོད་འབད་མ་ཚུགས་པའི་ དཀའ་ངལ་འདུག་ཟེར་ཨིན་པས།
ད་རེས་ བཀག་དམ་འབད་མི་གིས་ མི་མང་ལུ་ ཁེ་ཕན་སྦོམ་བྱུང་མ་ཚུགས་རུང་ འགྲོས་ཀྱིས་སྦེ་ སྒྲིག་གཞི་བསྟར་སྤྱོད་འབད་ནི་ཨིནམ་བཞིན་དུ་ ད་ལྟོ་ ཞིབ་འཚོལ་འབད་བའི་བསྒང་ཡོད་ཟེར་ ཁོ་གིས་ བཤད་པའི་ཁར་ ཁྲོམ་སྡེ་ཚུ་ནང་ ལག་ལེན་འཐབ་མི་ གྱིབ་ཀྱིས་བཟོ་མི་ ཕད་ཙེ་ཚུ་ཡང་ ལྟ་དོ་ཟེར་ བཤདཔ་ཨིན་པས།
ད་རེས་ནངས་པར་ མི་ཚུ་གིས་ རུལ་བཏུབ་པའི་ ཕད་ཅུང་དང་ གཞན་གྱིས་བཟོ་ཡོད་པའི་ ཧོད་ཚུ་ ལག་ལེན་འཐབ་མི་དེ་གིས་ཡང་ རང་བཞིན་གནས་སྟངས་ལུ་ གནོད་སྐྱོན་རྐྱབ་ནི་ཨིནམ་ལས་ དཀའ་ངལ་སྦེ་ར་ཡོད་ཟེར་ འཕྲིན་ལས་རྡོ་རྗེ་གིས་ བཤདཔ་ཨིན་པས།
བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་གིས་ ད་རེས་ ལག་ལེན་འཐབ་ནི་ འགོ་བཙུགས་མི་དེ་ དོན་སྨིན་ཅན་སྦེ་ འགྱོ་དོ་ཡོདཔ་ལས་ ང་བཅས་ག་ར་གིས་ མཉམ་རུབ་ཐོག་ལས་ ལཱ་འབད་དགོ་ཟེར་ གསུངས་པའི་ཁར་ མི་སེར་ཚུ་གི་ མནོ་ལུགས་དང་ བསམ་སྤྱོད་ཚུ་ཡང་ བསྒྱུར་བཅོས་འབད་དགོཔ་ གལ་ཆེ་བའི་ཁར་ ཐབས་ལམ་གཞན་ཡང་ བལྟ་དགོཔ་ཁག་ཆེ་ཟེར་ གསུངས་ཡི།
ཐིམ་ཕུག་ལུ་ སྡོད་མི་ཚུ་གིས་ སླབ་མིའི་ནང་ ད་རེས་ནངས་པར་ ཚོད་བསྲེ་ཁྲོམ་དང་ ཐིམ་ཁྲོམ་གོང་མའི་ནང་ ཚོས་གཞི་མེད་མི་ ཆུ་ཤོག་དཀརཔོ་ཚུ་ བཙུགས་ཧོད་སྦེ་ བྱིན་དོ་ཡོདཔ་ལས་ ཆུ་ཤོག་བཀག་དམ་དེ་ ག་ཅི་བཟུམ་ཅིག་ལུ་ སླབ་ཨིན་ན་ ཧ་གོ་མི་ཚུགས་པས་ཟེར་ཨིནམ་ད་ གཞན་ཅིག་གིས་འབད་བ་ཅིན་ ཆུ་ཤོག་ཟེར་བའི་བསྒང་ལས་ ཆུ་ཤོག་གི་རིགས་ རྩ་ལས་ལག་ལེན་འཐབ་མ་ཆོགཔ་ བཟོ་དགོ་ཟེར་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *