གསོ་བའི་བློན་པོ་ བདེ་ཆེན་དབང་མོ།

རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ ལེགས་བསྒྱུར་འབད་ནིའི་ ལས་འཆར།

༉ གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་ སྤུས་ཚད་ཅན་དང་ ཡོངས་རྫོགས་ཅན་གྱི་ གསོ་བའི་ཞབས་ཏོག་སྤྲོད་ནིའི་ དམིགས་གཏད་ཡོད་མི་དེ་ གཞུང་གི་གནས་ཡུན་ནང་ར་ འབད་ཚུགསཔ་སྦེ་ར་ འབད་ནི་ཨིན་ཟེར་ བཤད་ཡོདཔ་ཨིན་པས།
གནད་དོན་དེ་ཡང་ གསོ་བའི་བློན་པོ་གིས་ འདས་པའི་བདུན་ཕྲག་ནང་ རྩི་རང་ལུ་ ལོ་ཟུང་གྲོས་འཛོམས་འཚོགས་པའི་སྐབས་ གསོ་བའི་ཞབས་ཏོག་ དྲག་ཤོས་ཡོད་པའི་ རྒྱལ་ཁམས་ཅིག་སྦེ་ བཟོ་ནི་ཨིན་ཟེར་ བཤད་ཡོདཔ་ཨིན་པས།
མཐོང་ནུས་དེ་ བགོ་བཀྲམ་འབད་ནིའི་དོན་ལུ་ གཞུང་སྐྱོང་ལེགས་ལྡན་དགོཔ་ཡོད་ཟེར་ཨིནམ་ད་ དེ་གིས་ ཡུན་རིང་གི་དོན་ལུ་ ཁེ་ཕན་ཡོད་པའི་ཁར་ ལྷན་ཁག་གི་གནས་ཚད་ནང་ ཆེ་རིམ་གནས་ཚད་ཀྱི་ ཚོགས་ཆུང་ཡོད་ཟེར་ཨིན་པས།
མཉམ་འབྲེལ་དང་ གཅིག་མཐུན་ སྤྱི་རུབ་ལུ་ གཙོ་རིམ་བཟུང་ནི་དེ་ཡང་ འཆར་གཞི་༡༢ པ་དང་འཁྲིལ་ཨིནམ་ལས་ ང་བཅས་ཀྱིས་ ཆེ་རིམ་གནས་ཚད་ནང་ ལཱ་འགོ་བཙུགས་དགོ་པའི་སྐོར་ལས་ ཤེས་ཟེར་ཨིན་པས།
གསོ་བའི་བློན་པོ་གིས་ དེ་གི་དོན་ལུ་ འཆར་གཞི་དེ་ བསྐྱར་བཟོ་འབད་དེ་ འབྲེལ་བ་ཡོད་མི་ལས་སྡེ་གཞན་ཚུ་ཡང་ གྲལ་གཏོགས་འབད་བཅུག་དགོ་པས་ཟེར་ཨིནམ་ད་ བསྐྱར་ཞིབ་འབད་མི་ཚུ་ཡང་ གཅིག་ཁར་འབྲེལ་བ་མེད་པ་ཅིན་ འཆར་གཞི་ཚུ་ མཇུག་བསྡུ་མ་ཚུགསཔ་སྦེ་ ལུས་ཉེན་འདུག་ཟེར་ཨིན་པས།
འཆར་གཞི་དེ་ བསྟར་སྤྱོད་འབད་བ་ཅིན་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་ལས་ མི་སྟོབས་ཚུ་ དེ་ནང་ལས་ཐོནམ་ལས་ གནོད་པ་འོང་ཟེར་ཨིནམ་ད་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ལུ་ཡང་ བྱེམ་ཕོག་དོ་འོང་ཟེར་ཨིན་མི་དེ་ཡང་ སྨན་ཁང་དེ་ནང་ལས་ ཆེ་རིམ་གནས་ཚད་ཀྱི་ གཅེས་སྐྱོང་བྱིན་ནི་དེ་གིས་ཨིན་པས།
མོ་གིས་སླབ་མིའི་ནང་ ལས་སྡེ་དེ་ཚུ་ ག་ར་ལུ་ གནོད་པ་ཡོདཔ་ལས་ བསྐྱར་གསོ་འབད་མིའི་ནང་ ག་ར་ཚུད་པ་ཅིན་ ཐབས་བྱུས་དང་ལམ་སྟོན་ཚུ་ བཟོ་ཚུགས་ནི་མས་ཟེར་ཨིན་པས།
བློན་པོ་གིས་ སྨན་བཅོས་དོན་ལུ་ ཟད་འགྲོ་རྒྱ་ཆེ་དྲགས་སྦེ་ གཏང་དགོ་པའི་སྐོར་ལས་ ཆེ་རིམ་གནས་ཚད་ཀྱི་ཚོགས་ཆུང་གིས་ མ་འོངས་ལོ་༥ དང་༡༠ གྱི་བར་ནའི་ དམིགས་ཚད་འཆར་གཞི་བཟོ་དགོ་པས་ཟེར་ ཨིན་པས།
ད་ལས་ཕར་ ལོ་༡༠ ནང་ འབྲུག་གི་གནས་ཚད་ ག་ཏེ་ལུ་ལྷོད་འོང་ག་དང་ ག་བཟུམ་མའི་ཞབས་ཏོག་ སྤྲོད་ཚུགས་ནི་ཨིན་ན་ ད་ལྟོའི་ ནད་གཞི་གི་ གནས་སྟངས་ཚུ་ལུ་བལྟ་སྟེ་ ཤེས་ཚུགས་པས་ཟེར་ཨིན་པས།
ད་རེས་ཀྱི་གནས་སྟངས་ནང་ གུ་རམ་ནད་གཞི་ཐོབ་མི་ ནདཔ་རེ་ལུ་ དངུལ་ཀྲམ་༢༦,༠༠༠ ལྷགཔ་རེ་ ཟད་འགྲོ་བཏང་དོ་ཟེར་ མོ་གིས་བཤད་ཡོདཔ་ད་ སྤྱི་ལོ་༢༠༡༤ ལུ་ གུ་རམ་ནད་གཞི་ཐོབ་མི་༩༩༠༠ ཡོད་པའི་ཁར་ ད་རེས་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་མ་བརྩིས་བར་ མི་གྲངས་༤༥,༠༠༠ དེ་ཅིག་ཡོདཔ་ཨིན་པས།
སྨན་བཅོས་དོན་ལུ་ ཟད་འགྲོ་ག་དེམ་ཅིག་ དགོཔ་ཨིན་ན་ཟེར་བ་ཅིན་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་རྐྱངམ་གཅིག་ནང་ ནདཔ་༡༢,༠༠༠ དེ་ཅིག་ཡོདཔ་ལས་ ཚོགས་ཆུང་གིས་ ནད་གཞི་གི་གནས་སྟངས་ལུ་བལྟ་སྟེ་ མ་རྩ་ག་དེམ་ཅིག་ བཙུགས་དགོཔ་ཨིན་ན་ཚུ་ ཤེས་ཚུགས་ནི་མས་ཟེར་ཨིན་པས།
དེ་གིས་ ད་ལས་ཕར་ གསོ་བའི་ལམ་ལུགས་ཀྱི་ ལམ་སྟོན་བཟོ་ཚུགས་ཟེར་ཨིནམ་ད་ བློན་པོ་གིས་ མི་སྟོབས་ཀྱི་དོན་ལུ་ཡང་ འོས་ལྡན་གྱི་ མི་སྟོབས་འཆར་གཞི་ དགོ་པས་ཟེར་ཨིན་པས།
ང་བཅས་ཀྱིས་ ཌོག་ཊར་ཚུ་ ཟླཝ་༣ གྱི་རིང་ སྦྱོང་བརྡར་བྱིན་ཏེ་ ནདཔ་སྨན་བཅོས་འབད་ནིའི་ རེ་བ་བསྐྱེད་མི་ཚུགས་ཟེར་མོ་གིས་བཤད་པའི་ཁར་ མི་སྟོབས་ནང་ཡང་ ཞབས་ཏོག་སྤྲོད་ནིའི་དོན་ལུ་ མཉམ་འབྲེལ་དགོ་པས་ཟེར་ཨིན་པས།
གཞུང་སྐྱོང་ནང་ བསྐྱར་ཞིབ་རྒྱ་ཆེ་དྲགས་ཁག་༢ ནང་ འབད་དགོཔ་ཡོད་ཟེར་ཨིནམ་ད་ ཞབས་ཏོག་དེ་ བཀྲམ་སྤེལ་ལུ་ གཙོ་རིམ་མེན་པར་ དགོས་མཁོའི་གཙོ་རིམ་ལུ་ དམིགས་གཏད་དགོ་པས་ཟེར་ཨིན་པས།
དེ་ཡང་ ནད་གཞི་བཀག་ཐབས་དོན་ལུ་ སྨན་ཁང་ནང་སྡོད་ནི་མེན་པར་ ནདཔ་ཚུ་ཡོད་སར་སོང་སྟེ་ འབད་དགོཔ་འདུག་ཟེར་ཨིནམ་ད་ དཔེར་ན་ གསོ་བའི་ལས་རོགས་ཚུ་གིས་ རང་སོའི་མི་སྡེ་ནང་ ནད་གཞིའི་གནས་སྟངས་ཚུ་ ཧ་གོ་དགོ་ཟེར་ཨིན་པས།
དེ་གིས་སྦེ་ མི་སྡེ་ནང་ ནད་གཞི་གི་གནས་སྟངས་ཚུ་ ཧ་གོ་ཚུགས་ཟེར་ཨིནམ་ད་ ད་རེས་ འཆར་དངུལ་ལས་ བརྒྱ་ཆ་༡༤ དེ་ མི་མང་གསོ་བའི་དོན་ལུ་ བཞག་སྟེ་ཡོདཔ་ད་ བརྒྱ་ཆ་༨༩ དེ་ ཞལ་འདེབས་འབད་མི་ལས་ ལྷོད་མི་ཨིན་པས།
བློན་པོ་གིས་ སླབ་མིའི་ནང་ འབྲུག་འདི་ གོང་འཕེལ་ཉུང་སུ་འགྱོ་མི་ལས་ ཕྱིར་ཐོན་འབདཝ་ད་ ཞལ་འདེབས་འབད་མི་ཚུ་ མི་འོང་ནི་ཨིནམ་ལས་ མི་མང་གསོ་བའི་ཞབས་ཏོག་ལུ་ རྒྱལ་ཁམས་ཀྱིས་ རྒྱབ་སྐྱོར་བརྒྱ་ཆ་༢ ལས་མི་འོང་ཟེར་ཨིན་པས།
འཆར་དངུལ་ལས་ བརྒྱ་ཆ་༧༩ སྨན་བཅོས་དོན་ལུ་ བཏང་དོ་ཡོདཔ་ད་ བརྒྱ་ཆ་༨༠ དེ་ཅིག་ ཀེན་སར་གྱི་ནདཔ་ཚུ་ དྲག་ནི་ལུ་ ལཱ་ཁག་ཡོད་པའི་གནས་ཚད་ནང་ལྷོད་མི་ཚུ་ བདའ་ཟུན་ཏེ་ཡོདཔ་ཨིན་པས།
མོ་གིས་བཤད་མིའི་ནང་ འབྲུག་པའི་ནདཔ་ཚུ་གིས་ ཌོག་ཊར་མཁས་མཆོག་ཚུ་དང་ ཕྱད་ཚུགས་དོ་ཡོད་རུང་ ནད་གཞི་ཚུ་ དབྱེ་བ་མ་དཔྱད་པར་ མཁས་མཆོག་ག་ལྷོད་དང་གཅིག་ཁར་ འཕྱད་ནིའི་སྲོལ་ཡོད་མི་དེ་ ཕྱིར་སེལ་འབད་དགོ་པས་ཟེར་ཨིན་པས།
དེ་གིས་སྦེ་ ནདཔ་ཚུ་ལུ་ ཕན་ཐོགས་ཚུགས་ཟེར་ཨིནམ་ད་ ཨ་ལོ་དང་ཨའི་གི་ གསོ་བའི་འཕྲོད་བསྟེན་ཁག་ཆེ་མི་ལུ་བརྟེན་ འཕྲལ་མགྱོགས་ར་ ཁོང་གི་དོན་ལུ་ གསོ་བའི་སྲིད་བྱུས་ གཞི་བཙུགས་འབད་འོང་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཨ་ལོ་ལུ་ ཨོམ་བྱིན་ནིའི་འཐུས་དེ་ཡང་ འཕྲོ་མཐུད་འབད་འོང་ཟེར་ཨིནམ་ད་ ཨ་ལོ་ཆགས་མི་ཨའི་དེ་ ཨ་ལོ་སྐྱེས་ཚར་ཏེ་ ཨ་ལོ་ ལོ་༢ མ་ལང་ཚུན་ གསོ་བའི་ལས་བྱེདཔ་གིས་ བདག་འཛིན་འཐབ་ནི་ཟེར་ཨིན་པས།
དེ་ཡང་ ཨ་ལོ་བདག་འཛིན་འཐབ་ནི་དེ་ ཨའི་རྐྱངམ་གཅིག་ལུ་ འགན་ཁུར་ཕོགཔ་མེན་པར་ རྒྱལ་ཁམས་ལུ་ཡང་ འགན་ཁུར་ཡོད་ཟེར་ཨིནམ་ད་ དེ་ཡང་ ཨ་ལོ་དེ་ རྒྱལ་ཁབ་ཀྱི་ མ་འོངས་པའི་ མི་ཁུངས་ཅིག་ འབད་ནི་དེ་གིས་ཨིན་པས།
མི་རློབས་འབུམ་༧ དེ་ཅིག་ནང་ དབང་པོ་ལུ་ སྐྱོན་ཡོད་པའི་ ཨ་ལོ་སྐྱེས་ནི་དེ་ འོས་འབབ་མི་མཐོང་པས་ཟེར་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ འཆར་དངུལ་དངུལ་ཀྲམ་ཐེར་འབུམ་༢༩ ཆད་ཡོད་མི་དེ་ནང་ གསོ་བའི་ལྷན་ཁག་ནང་ དངུལ་ཀྲམ་ཐེར་འབུམ་༡༣ ཆད་ཡོད་མི་དེ་ མ་བརྩིས་བར་ཨིན་ཟེར་ཨིན་པས།
གསོ་བའི་ལྷན་ཁག་གི་དོན་ལུ་ འཆར་གཞི་༡༢ པའི་ནང་ འཆར་དངུལ་དངུལ་ཀྲམ་ཐེར་འབུམ་༣.༥ བཞག་སྟེ་ཡོདཔ་ད་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དེ་ ཆེ་རིམ་གནས་ཚད་ཀྱི་ སྨན་བཅོས་བྱིན་ཚུགས་པའི་ གནས་ཚད་མེདཔ་ལས་ འཆར་དངུལ་གྱི་ བརྒྱ་ཆ་༧ དེ་ཅིག་ ལོ་བསྟར་བཞིན་དུ་ ཕྱི་རྒྱལ་ལུ་ སྨན་བཅོས་འབད་མིའི་དོན་ལུ་ ཟད་འགྲོ་བཏང་སྟེ་འདུག་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *