རྒྱལ་ཁབ་ནང་ ཁྱིམ་གུང་བརྒྱ་ཆ་༢༩ དེ་ཅིག་ལུ ས་ཆ་མེདཔ།

༉ རྒྱལ་ཁབ་ཀྱི་ གྲོང་གསེབ་དང་ཁྲོམ་གྱི་ ཁྱིམ་གུང་བརྒྱ་ཆ་༧༡ དེ་ཅིག་ལུ་ ས་ཆ་ཡོདཔ་ཨིན་རུང་ བརྒྱ་ཆ་༢༩ དེ་ཅིག་ལུ་ མེདཔ་ཨིན་པས།
དེའི་ནང་ལས་ གུང་པ་བརྒྱ་ཆ་༦༠ དེ་ཅིག་ལུ་ ས་ཆ་ཨེ་ཀར་༥ ལས་བརྒལ་མེད་པའི་ཁར་ བརྒྱ་ཆ་༡༡ དེ་ཅིག་ལུ་ ས་ཆ་ཨེ་ཀར་༥ ལས་ལྷག་སྟེ་ཡོདཔ་ད་ ས་ཆ་བརྒྱ་ཆ་༥ ལས་ལྷག་སྟེ་ཡོད་མི་ཚུ་ཡང་ མང་ཤོས་ར་ གྲོང་གསེབ་ཚུ་ནང་འདུག་ཟེར་ འབྲུག་གནས་ཚད་བརྟག་ཞིབ་སྙན་ཞུ་ནང་ བཀོད་ནུག།
ཁྲོམ་ཁར་སྡོད་མི་ བརྒྱ་ཆ་༥༩ དེ་ཅིག་ལུ་ ས་ཆ་མེད་པའི་ཁར་ གྲོང་གསེབ་ནང་ཡང་ བརྒྱ་ཆ་༡༣ དེ་ཅིག་ལུ་ ས་ཆ་མིན་འདུག་ཟེར་ སྙན་ཞུ་ནང་བཀོད་ཡོདཔ་ད་ རྒྱལ་ཁབ་ནང་ ས་ཆ་ཡོད་མི་ཆ་སྙོམས་ལུ་ ས་ཆ་ཨེ་ཀར་༢.༡༦ ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ གུང་པ་བརྒྱ་ཆ་༤༠ འབདཝ་ད་ གྱངས་ཁ་ནང་འབད་བ་ཅིན་ མི་༡༦༤,༠༡༡ གིས་ དངུལ་འབྲེལ་ལས་སྡེ་ཚུ་ནང་ལས་ སྐྱིན་འགྲུལ་ལེན་ཡོདཔ་ད་ བརྒྱ་ཆ་༧༧ ལུ་ གསོག་འཇོག་གི་ རྩིས་ཁྲ་ཡོད་མི་ཚུ་ཡང་ མང་ཤོས་ར་ གློ་བུར་གྱི་དོན་ལུ་ བཟོ་ནུག་ཟེར་ཨིན་པས།
མི་བརྒྱ་ཆ་༤ གིས་ སྐྱིན་འགྲུལ་ཚུ་ཡང་ འབྲུག་རྒྱལ་གཞུང་ཉེན་བཅོལ་ལས་འཛིན་དང་ འབྲུག་ཉེན་བཅོལ་ཚད་འཛིན་ གྲོང་གསེབ་ཚོང་འབྲེལ་གོང་འཕེལ་ལས་འཛིན་ དེ་ལས་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་ འཚོ་རྟེན་མ་དངུལ་ལས་ ལེན་ཡོདཔ་ད་ སྐྱིན་འགྲུལ་ཡང་ མང་ཤོས་ར་ ཁྲོམ་ནང་སྡོད་མི་ཚུ་གིས་ ལེན་ཏེ་ཡོདཔ་ཨིན་པས།
དེ་ཡང་ ཁྲོམ་ཁ་ལས་ཕར་ དངུལ་འབྲེལ་གྱི་ཞབས་ཏོག་ཚུ་ ལེ་ཤ་ཡོད་མི་ལུ་བརྟེན་ཨིནམ་ད་ སྐྱིན་འགྲུལ་དེ་ཡང་ མང་ཤོས་ར་ སྣུམ་འཁོར་མཁོ་སྒྲུབ་འབད་ནི་དང་ ཁྱིམ་རྐྱབ་ནི་ དེ་ལས་ འཚོ་བ་སྐྱོང་ནིའི་དོན་ལུ་ ལེན་ནུག་ཟེར་ འབྲུག་འཚོ་བའི་གནས་ཚད་ཀྱི་ སྙན་ཞུ་ནང་བཀོད་ནུག།
དེ་བཟུམ་སྦེ་ རྒྱལ་ཁབ་ནང་ གུང་པ་བརྒྱ་ཆ་༥༠ དེ་ཅིག་གིས་ ཚེ་སྲོག་ཉེན་བཅོལ་འབད་བའི་ཁར་ བརྒྱ་ཆ་༣༠ གིས་ རང་སོའི་རྒྱུ་དངོས་ཚུ་ ཉེན་བཅོལ་འབད་མི་ཚུ་ཡང་ སྒོ་ནོར་དང་ ཁྱིམ་ སྣུམ་འཁོར་ཚུ་ཨིནམ་ད་ བརྒྱ་ཆ་༤༠ དེ་ཅིག་གིས་ ཉེན་བཅོལ་མ་འབད་བར་ ཡོདཔ་ཨིན་པས།
སྙན་ཞུ་ནང་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ བརྒྱ་ཆ་༣༨.༨ དེ་ཅིག་གིས་ འོང་འབབ་ཀྱི་ ཐོན་ཁུངས་གཙོ་ཅན་དེ་ ཟླ་རིམ་དངུལ་ཕོགས་ཨིནམ་ད་ བརྒྱ་ཆ་༡༤.༥ དེ་ཅིག་གིས་ ཚོད་བསྲེ་ཚུ་ ཚོང་འབྲེལ་འཐབ་ཐོག་ལས་ འོང་འབབ་བཟོཝ་མས་ཟེར་ཨིན་པས།
གཞུང་གིས་ འཐུང་ཆུ་བཀྲམ་སྤེལ་འབད་ནི་དང་ འཁོར་ལམ་གྱི་མཐུན་རྐྱེན་ཚུ་ ཡར་དྲག་གཏང་ནི་ དེ་ལས་ ལཱ་གཡོག་བཟོ་ནི་ལུ་ གཙོ་རིམ་ཅན་སྦེ་ བཞག་ཐོག་ལས་ གོང་འཕེལ་གཏང་དགོཔ་མི་ཚུ་ཡང་ གྲོང་གསེབ་ཀྱི་ ས་ཁོངས་ནང་ ཚ་གྱང་ཅན་ཅིག་སྦེ་ཡོདཔ་ཨིན་པས།
གུང་པ་བརྒྱ་ཆ་༩༧ དེ་ཅིག་ བཟའ་འཐུང་རང་ལྡང་ཡོདཔ་བཞིན་དུ་ བཟའ་འཐུང་གི་ དཀའ་ངལ་བྱུང་མི་ མང་ཤོས་ར་ གྲོང་གསེབ་ནང་ཨིནམ་ད་ བརྒྱ་ཆ་༧༦ དེ་ཅིག་ ཁོང་ར་ དགའ་སྐྱིད་བྱུང་ཡོད་པའི་ ངོས་ལེན་འབད་དོ་ཡོདཔ་ཨིན་པས།
ཁྱིམ་ནང་གི་ གཙོ་ཅན་བརྒྱ་ཆ་༦༢.༦ གིས་ ཁོང་ར་ སྤྱང་ཀ་དང་ སྤྱང་ཀ་མེན་པའི་ ཡིད་ཆེས་བསྐྱེད་དོ་ཡོདཔ་ད་ དབུལ་ཕོངས་ཀྱི་ དཀའ་ངལ་དེ་མང་ཤོས་ར་ གྲོང་གསེབ་ཚུ་ནང་ལས་ཕར་ བྱུང་སྟེ་འདུག་ཟེར་ སྙན་ཞུ་ནང་ བཀོད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *