རྒྱལ་ཁབ་ནང་ ཀོ་བིཌ་-༡༩ ལུ་བརྟེན་ ཤི་རྐྱེན་བྱུང་མི་ དང་པ་ཐོན་ཡོདཔ།

ཧེ་མ་ལས་ ནད་གཞི་ཡོད་མི་ ཕོ་སྐྱེས་ཅིག་ ཁ་ཙ་ ཤི་རྐྱེན་བྱུང་མི་དེ་ གསོ་བ་ལྷན་ཁག་གིས་ ཀོ་བིཌ་-༡༩ ལུ་བརྟེན་ཨིནམ་སྦེ་ གཏན་འཁེལ་གྱི་ གསལ་བསྒྲགས་འབད་མི་དང་བསྟུན་ རྒྱལ་ཁབ་ནང་ ནད་ཡམས་ལས་ ཤི་རྐྱེན་བྱུང་མི་དེ་ དང་པ་ཨིན་པས།

སྐྱེས་ལོ་༣༤ ལང་མི་ ཕོ་སྐྱེས་དེ་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༢༡ ལུ་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ མཁལ་རྡོག་དང་ མཆིན་ནད་ཚབས་ཆེན་སྦེ་ ཐོབ་ཡོད་མི་ལུ་བརྟེན་ སྨན་བཅོས་འབད་བར་ལྷོདཔ་ད་ ཀོ་བིཌ་-༡༩ ཐོབ་ཡོདཔ་ བདའ་ཟུན་པའི་ཤུལ་ལས་ གཙོ་བསྟེན་སྨན་ཁང་གི་ ས་ཁོངས་ནང་ ཀོ་བིཌ་-༡༩ ཐོབ་མི་ནདཔ་ཚུ་བཞག་སར་ སྨན་བཅོས་འབད་དེ་ བཞག་ཡོདཔ་ཨིན་པས།

ཚན་རིག་གི་ བརྟག་དཔྱད་འབད་བའི་སྐབས་ ཚེ་འདས་ཀྱི་མཆིནམ་དེ་ ཤུགས་སྦེ་ར་ མེདཔ་ཐལ་ཡོདཔ་ལས་ མཆིན་ཚད་ཧེ་པ་ཊེ་ཊིསི་ཐོབ་ཡོདཔ་སྦེ་ མངོན་གསལ་བྱུང་པའི་ཤུལ་ལུ་ སྨན་བཅོས་འབད་དེ་ བཞག་ཡོདཔ་ཨིན་པས།

ཁོ་ལུ་ སྨན་བཅོས་འབད་མི་ སྨན་པ་དང་འཁྲིལཝ་ད་ དེ་བཟུམ་མའི་ ནད་གཞི་ཐོབ་མི་ཚུ་ལུ་ ཉེན་ཁ་ཚབས་ཆེན་ཡོད་ཟེར་ཨིནམ་ད་ གསོ་བ་ལྷན་ཁག་གིས་ ཁ་ཙ་ ལྷན་ཁག་གི་ ཡོངས་འབྲེལ་ནང་ དུས་མཐུན་སྙན་ཞུ་བཙུགས་པའི་སྐབས་ རྒྱལ་ཡོངས་ལུ་ སེམས་ཕམ་དང་བཅས་ གསལ་བསྒྲགས་འབད་དོ་ཟེར་བཀོད་ནུག།

ལྷན་ཁག་གི་ ཐབས་རིག་གྲོས་སྟོན་སྡེ་ཚན་གྱི་འགོ་འཛིན་ ཌོག་ཊར་མཚོ་སྐྱིད་ཀྱིས་ སླབ་མིའི་ནང་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ ངེས་ཚིག་དང་འཁྲིལཝ་ད་ ཚེ་འདས་ལུ་ ཧེ་མ་ལས་ ནད་གཞི་ཐོབ་སྟེ་ཡོདཔ་ལས་ ཀོ་བིཌ་-༡༩ ཐོབ་མི་ལུ་བརྟེན་ ཤི་རྐྱེན་བྱུང་པའི་གྲངས་སུ་ མི་ཚུད་ནི་ཨིན་རུང་ གྲོས་སྟོན་སྡེ་ཚན་གྱིས་ ཀོ་བིཌ་-༡༩ ལུ་བརྟེན་ ཤི་རྐྱེན་བྱུང་ཡོདཔ་སྦེ་ བརྩི་འཇོག་འབད་ནིའི་ ཐག་བཅད་ཅི་ཟེར་ཨིན་པས།

ཚེ་འདས་ཀྱི་ བརྟག་དཔྱད་ཐེངས་༢ པ་དེ་ ད་རིས་ འབད་ནི་ཨིན་རུང་ ནད་གཞི་ཚབས་ཆེན་གྱི་ གནས་སྟངས་ནང་ཡོདཔ་ལས་ གྱོངས་སོ་ཡི་ཟེར་ཨིན་པས།

ཌོག་ཊར་མཚོ་སྐྱིད་ཀྱིས་ སླབ་མིའི་ནང་ མི་ཚུ་གིས་ ནད་ཡམས་དེ་ལུ་ བག་ལྷོད་དང་ སྣང་མེད་བཟུམ་ཅིག་སྦེ་ ངོས་ལེན་འབད་དོ་ཡོདཔ་ལས་ ཤི་རྐྱེན་བྱུང་མི་དེ་ མཇུག་མེན་པར་ ད་ལས་ཕར་ ད་རུང་ འཐོན་འོང་ཟེར་ཨིན་པས།

མི་མང་གིས་ ད་ལྟོ་བཟུམ་ སྣང་མེད་སྦེ་ར་ སྡོད་པ་ཅིན་ ལོ་ན་རྒས་མི་ལེ་ཤ་ལུ་ ནད་འབུབ་ཐོབ་སྟེ་ ཤི་རྐྱེན་གྱི་ གྱངས་ཁ་ཡང་ ཡར་སེང་འགྱོ་འོང་ཟེར་ ཌོག་ཊར་མཚོ་སྐྱིད་ཀྱིས་ ཉེན་བརྡ་འབདཝ་ཨིན་པས།

ཚེས་འདས་ཀྱི་ཕུངམ་དེ་ འབྲུག་ཉེན་སྒྲོལ་སྡེ་ཚོགས་ཀྱིས་ ཧེ་མ་ལས་ གསོ་བའི་སྒྲིག་གཞི་བཟོ་ཡོད་མི་དང་འཁྲིལ་ ལག་ལེན་འཐབ་ནི་ཨིན་པས།

ཁ་ཙའི་ དུས་མཐུན་གནས་སྡུད་དང་འཁྲིལཝ་ད་ འདས་པའི་ཆུ་ཚོད་༢༤ གི་ནང་འཁོད་ལུ་ ཀོ་བིཌ་-༡༩ ཐོབ་མི་གསརཔ་༡༢ བདའ་ཟུན་ཡོད་མི་ལས་༦ ཕོ་སྐྱེས་དང་༦ ཨམ་སྲུ་ཨིནམ་ད་ ལོ་ཚད་ལས་འབད་བ་ཅིན་ སྐྱེས་ལོ་༡ ལས་༧༢ ཀྱི་བར་ན་ འབད་མི་ཚུ་ཨིན་པས།

ཁོང་གི་གྲས་ལས་༢ སྤ་རོ་ལས་ ཧེ་མའི་ནདཔ་དང་ འབྲེལ་བ་ཡོད་མི་དང་ ནདཔ་གཞན་དེ་ ཕྱི་མི་ཟུར་བཞག་མཐུན་རྐྱེན་ནང་ བཞག་མི་ཨིན་པས།

ཐིམ་ཕུག་ལས་ མི་༡༠ བདའ་ཟུན་མི་ཚུ་གི་གྲས་ལས་༤ དེ་ ཧེ་མ་ བར་སྦིས་ས་དང་ ལུང་བསྟན་ཕུག་ ལྕང་ཟམ་ཏོག་ དེ་ལས་ སེམས་རྟོགས་ཁ་ལས་ ནད་འབུབ་ཐོབ་མི་དང་ འབྲེལ་བ་འཐབ་མི་ཨིནམ་ད་ ནདཔ་གཞན་༦ དེ་ ལྕང་ཟམ་ཏོག་གི་ ས་ཁོངས་སྤུངས་འཛོམས་ནང་ བརྟག་དཔྱད་འབད་བའི་སྐབས་ བདའ་ཟུན་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *