རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་༡༡༩ ལུ་ དབུ་འཛིན་མེད་པའི་གདོང་ལེན།

༉ ཤེས་རིག་ལྷན་ཁག་གི་ ཐོ་བཀོད་དང་འཁྲིལཝ་ད་ ད་རེས་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་༡༡༩ ལུ་ དབུ་འཛིན་མེདཔ་ད་ དེ་ཡང་ མང་ཤོས་ར་ སློབ་གྲྭ་ཆུང་བ་ཚུ་ནང་ཨིན་པས།

སློབ་གྲྭ་༣༦༩ ལུ་ དབུ་འཛིན་ཡོདཔ་བཞིན་དུ་ སློབ་གྲྭ་མང་ཤོས་ར་ དབུ་འཛིན་འོག་མ་དང་ ཡང་ཅིན་ སློབ་དཔོན་ཚུ་གིས་ དབུ་འཛིན་གྱི་ ངོ་ཚབ་འབད་ཐོག་ལས་ འཛིན་སྐྱོང་འཐབ་དོ་ཡོདཔ་ད་ དེ་ཡང་ རྫོང་ཁག་བདག་སྐྱོང་གིས་ གནས་སྐབས་ཅིག་གི་དོན་ལུ་ ངོས་འཛིན་དང་ གདམ་བསྐོས་འབད་དོ་ཡོདཔ་ཨིན་པས།

སློབ་དཔོན་མང་ཤོས་ཅིག་གིས་ སླབ་མིའི་ནང་ དབུ་འཛིན་ངོ་མ་མེད་ནི་དེ་གིས་ སློབ་གྲྭ་འཛིན་སྐྱོང་འཐབ་ནི་དང་ ལས་སྣ་ དེ་ལས་ གྲོས་ཐག་གཅད་ནི་ལུ་ འཕྲལ་འཕྲལ་ར་ སྟབས་མ་བདེཝ་བྱུངམ་མས་ཟེར་ཨིན་པས།

ཆུ་ཁ་རྫོང་ཁག་གི་ མཐའ་ཟུར་སློབ་གྲྭ་ཅིག་ནང་ སློབ་དཔོན་སྦེ་ ཕྱག་ཞུ་མི་ཅིག་གིས་ སླབ་མིའི་ནང་ དབུ་འཛིན་གྱི་ཚད་གཞི་ནང་ གཙུག་ལག་མཐོ་རིམ་ཤེས་ཡོན་དགོཔ་སྦེ་ ཡོད་མི་དེ་གིས་ ཕན་པ་ལས་ གནོད་པ་སྦོམ་འདུག་ཟེར་ཨིན་པས།

དེ་ཡང་ དབུ་འཛིན་འབད་ནིའི་ དང་འདོད་ཡོད་རུང་ གཙུག་ལག་མཐོ་རིམ་ཤེས་ཡོན་མེདཔ་ལས་ གོ་གནས་ལུ་ ཞུ་ཡིག་བཙུགས་མི་ མི་ཐོན་པས་ཟེར་ཨིནམ་ད་ གཙུག་ལག་མཐོ་རིམ་གྱི་ ཤེས་ཚད་དགོཔ་བཟོ་མི་དེ་ འདྲ་མཉམ་ཅིག་མེདཔ་ལས་ ཤེས་རིག་ལྷན་ཁག་གིས་ གནས་སྟངས་དང་འཁྲིལ་ཏེ་ དེ་ཚུ་ བསྐྱར་ཞིབ་འབད་དགོཔ་འདུག་ཟེར་ཨིན་པས།

སྤྱིར་བཏང་ཞི་གཡོག་ནང་འབད་བ་ཅིན་ གཙོ་འཛིན་གྱི་ གོ་གནས་དོན་ལུ་ བཅའ་མར་གཏོགས་པའི་སྐབས་ གཙུག་ལག་མཐོ་རིམ་ཤེས་ཚད་དགོས་མཁོ་མེདཔ་ད་ དབུ་འཛིན་གྱི་ གོ་གནས་རྐྱངམ་གཅིག་ལུ་ ཤེས་ཚད་དགོཔ་བཟོ་མི་དེ་ ཧ་གོ་མ་ཚུགས་ཟེར་ སློབ་དཔོན་གྱིས་ བཤདཔ་ཨིན་པས།

པདྨ་དགའ་ཚལ་གྱི་ སློབ་དཔོན་ཅིག་གིས་ སླབ་མིའི་ནང་ གཙུག་ལག་མཐོ་རིམ་ཤེས་ཚད་ལས་ འགོ་ཁྲིད་པའི་ཁྱད་ཆོས་དེ་ གལ་གནད་ཅན་ཅིག་ཨིན་ཟེར་ཨིནམ་ད་ ཤེས་ཚད་ཡོད་རུང་ འགོ་ཁྲིད་འབད་ནིའི་ ལྕོགས་གྲུབ་དང་ ཁྱད་ཆོས་མེད་པ་ཅིན་ ཁུངས་མེད་ཟེར་ཨིན་པས།

ཤེས་རིག་ལྷན་ཁག་གིས་ འཕྲལ་ཁམས་ཅིག་ཁར་ དབུ་འཛིན་གྱི་ས་སྟོང་༢༨ གསལ་བསྒྲགས་འབད་བའི་སྐབས་༡༠ རྐྱངམ་གཅིག་ གདམ་འཐུ་འབད་མི་དེ་ གསལ་བསྒྲགས་ཡང་བསྐྱར་འབད་རུང་ ཞུ་ཡིག་བཙུགས་མི་ མངམ་སྦེ་ མ་ཐོནམ་ཨིན་པས།

ལྷན་ཁག་གིས་ སྤྱི་ལོ་༢༠༢༢ ཀྱི་ སློབ་དུས་དོན་ལུ་ འཕྲལ་མགྱོགས་ར་ དབུ་འཛིན་གྱི་ ས་སྟོང་གསལ་བསྒྲགས་འབད་ནི་ཨིན་པས།

ཤེས་རིག་ལྷན་ཁག་གི་ གནས་སྐབས་སྲིད་བྱུས་ལམ་སྟོན་དང་འཁྲིལཝ་ད་ སློབ་ཕྲུག་༡༠༠ ལས་ ཉུང་སུ་ཡོད་མི་ཚུ་གིས་ དབུ་འཛིན་འཐོབ་ནིའི་ འོས་འབབ་མེདཔ་ལས་ དབུ་འཛིན་གྱི་ངོ་ཚབ་དང་ ཡང་ཅིན་ སློབ་གྲྭ་བདག་འཛིན་པ་ཚུ་གིས་ འཛིན་སྐྱོང་འཐབ་དགོཔ་ཨིན་པས།

མོང་སྒར་ལུ་ སློབ་གྲྭ་ཆུང་བ་ཅིག་ནང་ དབུ་འཛིན་གྱི་ ངོ་ཚབ་སྦེ་ཕྱག་ཞུ་མི་ སློབ་དཔོན་ཅིག་གིས་ སླབ་མིའི་ནང་ སློབ་ཕྲུག་ཚུ་ལུ་ སློབ་སྟོན་དང་ བདག་སྐྱོང་གི་ལཱ་ཚུ་འབད་བའི་སྐབས་ འཕྲལ་འཕྲལ་ར་ སློབ་སྟོན་འབད་ནི་ལུ་ བར་ཆད་རྐྱབ་མས་ཟེར་ཨིན་པས།

ཁོ་གིས་ དབུ་འཛིན་གྱི་ངོ་ཚབ་འབད་དེ་ ལོ་༥ དེ་ཅིག་ ལང་དོ་ཡོདཔ་བཞིན་དུ་ དབུ་འཛིན་ངོ་མ་མེནམ་ལས་ གྲོས་ཐག་གཅད་ནི་ལུ་ ལཱ་ཁག་བཏངམ་མས་ཟེར་ཨིནམ་ད་ དབུ་འཛིན་འོག་མ་དང་ ངོ་ཚབ་འབད་མི་ཚུ་ལུ་ ཟླ་རིམ་གྱི་ དངུལ་ཕོགས་ལས་ལྷག་སྟེ་ འཐུས་གཞན་ག་ནི་ཡང་ མི་ཐོབ་དོ་ཡོདཔ་ཨིན་པས།

སློབ་དཔོན་ལ་ལོ་ཅིག་གིས་ སླབ་མིའི་ནང་ དབུ་འཛིན་གྱི་ངོ་ཚབ་དང་ སློབ་གྲྭ་བདག་འཛིན་པ་ཚུ་གིས་ དབུ་འཛིན་ངོ་མ་ལས་ལྷག་སྟེ་ ལཱ་ལེགས་ཤོམ་འབད་དོ་ཡོདཔ་ལས་ ཁོང་ལུ་ ངོས་འཛིན་དང་ སེམས་ཤུགས་མཐུན་རྐྱེན་ཚུ་ བྱིན་དགོཔ་འདུག་ཟེར་ཨིན་པས།

རྫོང་ཁག་ཤེས་རིག་འགོ་དཔོན་ཅིག་གིས་ སླབ་མིའི་ནང་ དབུ་འཛིན་ངོ་ཚབ་ཚུ་ལུ་ འགོ་ཁྲིད་པའི་ ཁྱད་ཆོད་ཡོད་རུང་ ལམ་ལུགས་ལུ་བརྟེན་ བཞག་མི་ཚུགས་པས་ཟེར་ཨིན་པས།

སློབ་དཔོན་ལ་ལོ་ཅིག་གིས་ བཤད་མིའི་ནང་ དབུ་འཛིན་ལུ་ བཅའ་མར་གཏོགས་ནིའི་དོན་ལུ་ གཙུག་ལག་མཐོ་རིམ་ཤེས་ཡོན་ དགོ་པའི་ཚད་གཞི་བཟོ་མི་དེ་ གལ་གནད་ཅན་ཅིག་ཨིན་མི་དེ་ཡང་ སློབ་དཔོན་ལ་ལོ་ཅིག་གིས་ དབུ་འཛིན་གྱི་གོ་གནས་དེ་ གཙུག་ལག་མཐོ་རིམ་ཤེས་ཡོན་གྱི་དོན་ལུ་ གདམ་ཁ་རྐྱབ་མས་ཟེར་ཨིན་པས།

གཞལམ་སྒང་ལས་ སློབ་དཔོན་ཅིག་གིས་ སླབ་མིའི་ནང་ དབུ་འཛིན་ཐོབ་པའི་ཤུལ་ལས་རྐྱངམ་གཅིག་ གཙུག་ལག་མཐོ་རིམ་གྱི་ ཤེས་ཡོན་སྦྱང་ནི་མེདཔ་ལས་ ཧེ་མ་ལས་ སྦྱང་དགོཔ་ཁག་ཆེ་ཟེར་ཨིན་པས།

འཕྲལ་ཁམས་ཅིག་ཁར་ དར་དཀར་ནང་གི་ ས་གནས་གཞུང་གི་འགོ་ཁྲིདཔ་ཚུ་གིས་ ཤེས་རིག་ལྷན་ཁག་ལུ་ འདས་པའི་ལོ་དག་པ་ཅིག་གི་རིང་ སློབ་གྲྭ་༧ ལུ་ དབུ་འཛིན་མེདཔ་ལས་ གསར་བཙུགས་འབད་དགོ་པའི་ ཞུ་བ་འབད་ནུག།

ས་གནས་གཞུང་གི་ འགོ་དཔོན་ཚུ་གིས་ དབུ་འཛིན་གྱི་ཚད་གཞི་ལུ་བརྟེན་ དང་འདོད་ཅན་ མང་ཤོས་ར་ བཅའ་མར་གཏོགས་མི་ཚུགས་དོ་ཡོདཔ་ལས་ དབུ་འཛིན་གདམ་འཐུའི་ སྲིད་བྱུས་བསྐྱར་ཞིབ་འབད་དགོ་པའི་ གྲོས་འདེབས་ཕུལ་ནུག།

སློབ་དཔོན་མང་ཤོས་ཅིག་གིས་ རྫོང་ཁག་ཚུ་ནང་ལས་ཕར་ སློབ་དཔོན་༤ དང་༥ དེ་ཅིག་ དབུ་འཛིན་མེད་པའི་ དཀའ་ངལ་འདུག་ཟེར་ཨིནམ་ད་ གནད་དོན་དེ་ལུ་བརྟེན་ ཤེས་རིག་གི་སྤུས་ཚད་ལུ་ཡང་ ཐོ་ཕོག་ནི་མས་ཟེར་ཨིན་པས།

དབུ་འཛིན་གྱི་གོ་གནས་ལུ་ གཙུག་ལག་མཐོ་རིམ་ཤེས་ཡོན་དགོཔ་སྦེ་ བཟོ་མི་དེ་ ཞི་གཡོག་གི་ སྒྲིག་གཞི་དང་ བཅའ་ཡིག་གི་ ཀུན་གཏོགས་འགྲན་བསྡུར་གྱི་ཐོག་ལས་འགྱོ་དགོ་པའི་ ཚད་གཞི་དང་ མ་འདྲཝ་སྦེ་ཡོདཔ་ཨིན་པས།

ཚད་གཞི་དེ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ལས་སྡེ་ལུ་ བཙུགས་དགོ་པའི་ གནང་བ་གྲུབ་སྟེ་ ཤེས་རིག་ལྷན་ཁག་གི་ མི་སྟོབས་ཚོགས་ཆུང་གིས་ ཆ་འཇོག་འབད་ཡོདཔ་ཨིན་པས།

དབུ་འཛིན་གོ་གནས་ཀྱི་ ཚད་གཞི་གཞན་མི་དེ་ དབུ་འཛིན་དང་ དབུ་འཛིན་ངོ་ཚབ་ ཡང་ཅིན་ ཤེས་རིག་འགོ་དཔོན་ དེ་ལས་ ད་ལྟོའི་གོ་གནས་ནང་ ལོ་༢ དེ་ཅིག་ ཕྱག་ཞུ་མི་དགོཔ་ཨིན་པས།

ཤེས་རིག་ལྷན་ཁག་གི་ མི་སྟོབས་གཙོ་འཛིན་ དོན་གྲུབ་ཚེ་རིང་གིས་ སླབ་མིའི་ནང་ དབུ་འཛིན་གོ་གནས་ཀྱི་ ས་སྟོང་གསལ་བསྒྲགས་འབད་བའི་སྐབས་ ཞུ་ཡིག་བཙུགས་མི་ གངམ་མ་འོང་མི་དེ་ ཚད་གཞི་ལུ་བརྟེན་ཏེ་ མེན་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ གནད་དོན་གཙོ་བོ་གཅིགཔོ་དེ་ སློབ་གྲྭ་ལུ་བརྟེན་ཨིན་མས་ཟེར་ཨིནམ་ད་ ཞུ་ཡིག་བཙུགས་མི་ མང་ཤོས་ཅིག་གིས་ ཁྲོམ་ཁར་ཡོད་པའི་ སློབ་གྲྭ་ཚུ་ གདམ་འཐུ་རྐྱབ་མས་ཟེར་ཨིན་པས།

དོན་གྲུབ་ཚེ་རིང་གིས་ ལྷན་ཁག་གིས་ སྤ་རོ་ཤེས་རིག་སྤེལ་ཁང་ལུ་ ཤེས་རིག་འགོ་ཁྲིདཔ་དང་ འཛིན་སྐྱོང་ནང་ གཙུག་ལག་མཐོ་རིམ་ཤེས་ཡོན་ འགོ་བཙུགས་ཡོདཔ་ལས་ ཚད་གཞི་དེ་ ཁག་ཆེ་ཟེར་ཨིན་པས།

ཤེས་རིག་གི་ འགོ་ཁྲིད་པའི་སྤུས་ཚད་ ཡར་དྲག་གཏང་ཐོག་ལས་ ཁྱད་རིག་ཅན་བཟོ་ནི་ལུ་ གལ་ཅན་སྦེ་ བརྩི་འཇོག་འབད་དེ་ གཞུང་གིས་འབད་རུང་ ལས་རིམ་དེ་ལུ་ རྒྱབ་སྐྱོར་ཚུ་ གང་དྲག་བྱིན་ཏེ་ཡོད་ཟེར་ དོན་གྲུབ་ཚེ་རིང་གིས་ བཤདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ད་ལྟོ་ སློབ་ཕྲུག་༡༠༠ ལས་ ཉུང་སུ་ཡོད་མི་ཚུ་ནང་ སློབ་གྲྭ་ཡང་ ཆུང་ཀུ་ཡོདཔ་ལས་ ལྕོགས་གྲུབ་ཅན་གྱི་ སློབ་དཔོན་ཅིག་གིས་ འཛིན་སྐྱོང་འཐབ་ཚུགས་ནི་ཨིནམ་ལས་ དབུ་འཛིན་གདམ་བསྐོས་ འབད་ནི་མེད་ཟེར་ཨིན་པས།

ད་རེས་ ལྷན་ཁག་གིས་ སློབ་གྲྭའི་གནས་སྟངས་དང་འཁྲིལ་ཏེ་ དབུ་འཛིན་ངོ་མ་ཚུ་ བགོ་བཀྲམ་འབད་ནིའི་དོན་ལུ་ བསྐྱར་ཞིབ་འབད་བའི་ཁར སློབ་གྲྭ་ཚུ་ནང་ དང་འདོད་ཅན་གྱི་ དབུ་འཛིན་བགོ་བཀྲམ་དང་ ཐབས་བྱུས་བཏོན་ནིའི་ ལཱ་འབད་དོ་ཟེར་ དོན་གྲུབ་ཚེ་རིང་གིས་ བཤད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *