འབྲུག་གི་རྩེད་འགྲན་པ་ ཉི་མ་དབང་འདུས་ཀྱིས་ པེ་ལིསི་ཊེན་གྱི་ རྩེད་འགྲན་པ་ལས་ བཱོལ་འཕྱོག་བདའ་ནི་གི་ དཔའ་བཅམ་པའི་བསྒང་།

རྒྱལ་ཁབ་ཀྱི་ སྡེ་ཚན་གྱིས་ དོ་འགྲན་སྒྲིང་སྒྲི་འབད་རུང་ པེ་ལིསི་ཊེན་ལུ་ གཱོལ་༢ ཤོར་ཡོདཔ།

༉ ཁ་ཙ་ ཐིམ་ཕུག་ལྕང་གླིང་མི་ཐང་ནང་སྦེ་ སྤྱི་ལོ་༢༠༡༩ གི་ ཨེ་ཨེཕ་སི་ཟེར་ ཨེ་ཤི་ཡཱན་ཀབ་ འགྲན་བསྡུར་ནང་ མཐར་འཁྱོལ་གྱི་དོན་ལུ་ ཕུཊ་བཱོལ་རྩེད་འགྲན་འབདཝ་ད་ པེ་ལིསི་ཊེན་སྡེ་ཚན་གྱིས་ འབྲུག་གི་སྡེ་ཚན་ལུ་ གཱོལ་༢ བཙུགས་ཏེ་ རྒྱལ་ཁ་ཐོབ་ཡོདཔ་ད་ འབྲུག་གིས་ གཱོལ་ཕུད་རྡོག་གཅིག་ཡང་ བཙུགས་མ་ཚུགས།
རྩེད་འགྲན་དེ་ཡང་ དུས་ཡུན་སྐར་མ་༤༥ ནང་འཁོད་ལུ་ སྡེ་ཚན་༢ ཆ་ར་གིས་ར་ གཱོལ་ཕུད་རྡོག་གཅིག་ཡང་ བཙུགས་མ་ཚུགས་རུང་ བར་མཚམས་ཀྱི་རྩེད་འགྲན་ ལོག་བཙུགས་ཏེ་ དུས་ཡུན་སྐར་མ་༦ གི་རྒྱབ་ལས་ པེ་ལིསི་ཊེན་སྡེ་ཚན་གྱི་རྐང་རྩེདཔ་ ཡ་སར་ ཨིསི་ལ་མི་གིས་ འབྲུག་གི་སྡེ་ཚན་ལུ་ གཱོལ་དང་པ་ བཙུགས་ཡོདཔ་བཞིན་དུ་ རྩེད་འགྲན་གྱི་ དུས་ཚོད་རྫོགས་སྟེ་ དུས་ཐེབས་སྐར་མ་༤ བྱིན་པའི་སྐབས་ རྩེད་འགྲན་པ་གཞན་གྱིས་ གཱོལ་༢ པམ་དེ་ བཙུགས་ཅི།
མ་གཞི་ པེ་ལིསི་ཊེན་སྡེ་ཚན་དེ་ དོ་འགྲན་ཅན་ཅིག་སྦེ་ཡོད་རུང་ འབྲུག་པའི་སྡེ་ཚན་གྱིས་ ཟུར་རྡེག་ཟེར་ ཀོ་ནར་ཀིག་དང་ གཱོལ་བཙུགས་ནི་ལུ་ གོ་སྐབས་ཚར་ མང་རབས་ཅིག་ཐོབ་རུང་ གཱོལ་༡ ཡང་ བཙུགས་མ་ཚུགས།
རྩེད་འགྲན་གྱི་ དུས་ཚོད་རྫོགས་ནི་རནམ་ད་ འབྲུག་སྡེ་ཚན་གྱི་འགོ་ཁྲིདཔ་ ཀརྨ་ཆོས་གྲུབ་ཚེ་རིང་གིས་ པེ་ལིསི་ཊེན་སྡེ་ཚན་ལུ་ གཱོལ་བཙུགས་ནིའི་ གོ་སྐབས་ཐོབ་རུང་ པེ་ལིསི་ཊེན་གྱི་ རྩེད་འགྲན་པ་ཅིག་གིས་ ཁོ་འཕུལ་བཏང་མི་ལུ་བརྟེན་ གཱོལ་བཙུགས་མ་ཚུགས།
འབྲུག་སྡེ་ཚན་གྱི་ སློབ་སྟོན་པ་གོངམ་ ཊོར་ཨིསི་ཊཱན་ ཨིསི་པིག་ལར་གྱིས་ སླབ་མིའི་ནང་ རྩེད་འགྲན་དེ་ལུ་བལྟ་སྟེ་ དུམ་གྲ་ཅིག་ སེམས་མ་དགའ་མི་དེ་ཡང་ འབྲུག་གི་རྐང་རྩེདཔ་ཚུ་གིས་ བར་མཚམས་མ་ལེན་པའི་ཧེ་མ་ ཆ་རོགས་ཚུ་ལུ་ བཱོལ་བྱིན་པའི་སྐབས་ གནམ་ཁ་ལས་ བཏོན་བྱིན་མི་དེ་གིས་ འབྲུག་གི་རྩེད་འགྲན་པ་ཚུ་ལུ་ བཱོལ་ཐོབ་པར་ ལཱ་ཁག་བཏང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འབྲུག་གི་རྐང་རྩེདཔ་ཚུ་ མང་ཤོས་ར་ གཟུགས་ཐུང་ཀུ་ཡོདཔ་ལས་ བཱོལ་དེ་ ནམ་ར་འབད་རུང་ ས་ཁ་ལས་ བྱིན་དགོཔ་ཨིན་རུང་ འབྲུག་སྡེ་ཚན་གྱིས་ ཧེ་མ་དང་ཕྱདཔ་ད་ དོ་འགྲན་ཅན་སྦེ་ རྩེད་འགྲན་འབད་ཚུགས་ཅི་ཟེར་ཨིན་པས།
པེ་ལིསི་ཊེན་གྱི་ སློབ་སྟོན་པ་གོངམ་ ཨབ་དཱིལ་ན་སེར་ བྷ་ར་ཀེཊ་གིས་ སླབ་མིའི་ནང་ འབྲུག་སྡེ་ཚན་གྱིས་ དོ་འགྲན་སྒྲིང་སྒྲི་ཐོག་ རྩེད་འགྲན་འབད་མིལུ་བརྟེན་ རྒྱལ་ཁ་ཐོབ་ཚུགས་ཚུགས་ལུ་ ལཱ་ཁག་བཏང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁ་ཙ་གི་ རྩེད་འགྲན་དེ་ གལ་གནད་ཅན་ཅིག་ཨིནམ་ལས་ ག་དེ་སྦེ་ འགྱོ་འོང་ག་ཟེར་ ཐེ་ཚོམ་ནང་ སྡོད་ཅི་ཟེར་ཨིན་རུང་ ཁོ་གི་ རྐང་རྩེདཔ་ཚུ་གིས་ བག་ལྷོད་ཐོག་ལུ་མེན་པར་ ལེགས་ཤོམ་སྦེ་ རྩེད་འགྲན་འབད་ཡི་ཟེར་ཨིན་པས།
ཨེ་ཨེཕ་སི་ཟེར་ ཨེ་ཤི་ཡཱན་ཀབ་ཀྱི་དོན་ལུ་ པེ་ལིསི་ཊེན་དང་ འབྲུག་ མཱལ་ཌིབསི་ དེ་ལས་ ཨོ་མཱན་ཚུ་ དབྱེ་ཁག་༥ པའི་ནང་ ཚུད་དེ་ཡོད་པའི་ནང་ལས་ པེ་ལིསི་ཊེན་གྱིས་ སྐུགས་༩ ཐོབ་སྟེ་ ཨང་དང་པའི་ནང་ ཚུད་དེ་ཡོདཔ་ཨིན་པས།
རྩེད་འགྲན་གྱི་སྐབས་ལུ་ འབྲུག་གི་སྡེ་ཚན་ལུ་ རྒྱབ་སྐྱོར་བྱིན་ཐབས་ལུ་ ལྕང་གླིང་མི་ཐང་ནང་ ལྟདམོ་བལྟ་མི་༣༠,༨༠༠ སྤུངས་འཛོམས་འབད་ཡི།
འབྲུག་དང་ པེ་ལིསི་ཊེན་སྡེ་ཚན་༢ ཀྱི་བར་ན་ སྤྱི་ཟླ་༡༠ པའི་ཚེས་༡༠ ལུ་ ཧི་བོ་རོན་གྱི་ དུ་ར་ཕུཊ་བཱོལ་རྩེད་ཐང་ནང་སྦེ་ རྩེད་འགྲན་འབད་ནི་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *