རྒྱལ་ཁབ་ཀྱི་ རྩིས་ཆད་བརྒྱ་ཆ་༧.༣ དེ་ཅིག་ ཡར་སེང་སོང་ཡོདཔ།

༉ རྩིས་ལོ་༢༠༢༠-༢༡ ལུ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལས་ རྒྱལ་ཁབ་ཀྱི་ རྩིས་ཆད་བརྒྱ་ཆ་༧.༣ ལུ་ ཡར་སེང་སོང་ཡོད་མི་དེ་ཡང་ གཙོ་བོ་ར་ ནད་ཡམས་ཀོ་བིཌ་-༡༩ འི་ གནད་དོན་དང་ སྔར་མ་འབྱུང་པའི་ ནང་འཁོད་འོང་འབབ་ མར་བབས་སོང་ཡོད་པའི་ དཀའ་ངལ་སེལ་ཐབས་ལུ་ གཞུང་གིས་ ཟད་འགྲོ་མངམ་ བཏང་མི་ལུ་བརྟེན་ཏེ་ཨིན་པས།

དངུལ་རྩིས་ལྷན་ཁག་གི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ རྩིས་ཆད་དེ་ གཞུང་གི་འོང་འབབ་དང་ ཟད་འགྲོ་བར་ནའི་ ཁྱད་པར་ཨིནམ་བཞིན་དུ་ གོང་འཕེལ་སོང་མི་ རྒྱལ་ཁབ་ཚུ་དང་ཕྱདཔ་ད་ སྤྱིར་སྙོམས་ལུ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ བརྒྱ་ཆ་༣-༥ གི་བར་ན་ ཡོདཔ་ཨིན་པས།

འདས་པའི་ལོ་༣ གྱི་ནང་འཁོད་ལུ་ འབྲུག་གི་རྩིས་ཆད་དེ་ བརྒྱ་ཆ་༢-༣ བར་ན་ གནས་ཡོདཔ་ཨིན་པས།

དཔལ་འབྱོར་མཁས་མཆོག་ཚུ་དང་འཁྲིལཝ་ད་ རྩིས་ཆད་ཡར་སེང་སོང་མི་དེ་གིས་ ཚོང་མགྲོན་པའི་ ཟད་འགྲོ་དང་ མ་རྩ་གཞི་བཙུགས་འབད་ནིའི་ ཏི་རུ་མངམ་བྱིན་ཐོག་ལས་ དཔལ་འབྱོར་ཡར་དྲག་གཏང་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ཟེར་ཨིན་པས།

ཨིན་རུང་ རྩིས་ཆད་བསུབ་ནིའི་དོན་ལུ་ གཞུང་གིས་ སྐྱིན་འགྲུལ་ལེན་དགོཔ་བཞིན་དུ་ དེ་གིས་ དཔལ་འབྱོར་གྱི་གནད་དོན་ མི་མང་བུ་ལོན་དང་ སྐྱ་ནམ་གོང་ཚད་ཡར་འཕར་ དེ་ལས་ ཕྱིའི་དངུལ་གསོག་འཇོག་འབད་མི་ཚུགས་ཟེར་ཨིན་པས།

འཆར་གཞི་༡༢ པའི་ དམིགས་ཡུལ་གཙོ་བོ་ར་ རང་ལྡང་བཟོ་དགོཔ་ད་ དེ་གི་བརྡ་དོན་གཅིགཔོ་དེ་ རྩིས་ཆད་རྩ་བརྟན་བཟོ་དགོཔ་དེ་ཡང་ གཞུང་གིས་ ནང་འཁོད་འོང་འབབ་ལས་ ཟད་འགྲོ་གཏང་ཚུགས་པ་ཅིན་རྐྱངམ་གཅིག་ འགྲུབ་ཚུགས་ནི་ཨིན་པས།

ཨིན་རུང་ དངུལ་རྩིས་ལྷན་ཁག་དང་འཁྲིལཝ་ད་ ནང་འཁོད་འོང་འབབ་དེ་ འདས་པའི་རྩིས་ལོ་ནང་ དངུལ་ཀྲམ་ཐེར་འབུམ་༣༦ ཐོན་སྐྱེད་འབད་མི་ལས་ ད་ལྟོའི་རྩིས་ལོ་ནང་ དངུལ་ཀྲམ་ཐེར་འབུམ་༡༧ འབདཝ་ད་ བརྒྱ་ཆ་༥༠ དེ་ཅིག་ མར་བབས་སོང་ནུག་ཟེར་ཨིན་པས།

ཕྱོགས་གཅིག་ལས་ ཨེ་ཤི་ཡཱན་གོང་འཕེལ་དམིགས་གཏད་༢༠༢༠ དང་འཁྲིལ་བ་ཅིན་ དངུལ་ཕོགས་ཡར་སེང་དང་ ཀོ་བིཌ་-༡༩ ལུ་བརྟེན་ ཟད་འགྲོ་ཡར་སེང་སོང་མི་ལུ་བརྟེན་ གཞུང་གི་ཟད་འགྲོ་དེ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལས་ བརྒྱ་ཆ་༢༨.༩ ལས་༣༢ ལུ་ ཡར་སེང་སོང་ནུག།

འཆར་གཞི་༡༢ པའི་ནང་ སྤྱིར་བཏང་རྩིས་ཆད་ལས་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་དེ་ བརྒྱ་ཆ་༣ ཨིན་རུང་ ཀོ་བིཌ་-༡༩ འི་གནས་སྟངས་ལུ་ བརྒྱ་ཆ་༤.༢ ཡར་སེང་འགྱོ་ནི་མས་ཟེར་ དངུས་རྩིས་ལྷན་ཁག་གིས་ བཤདཔ་ཨིན་པས།

གཞུང་གིས་ ད་ལྟོའི་རྩིས་ལོ་ནང་ ཟད་འགྲོ་དངུལ་ཀྲམ་ཐེར་འབུམ་༣༦.༢ (འཆར་དངུལ་ཡོངས་བསྡོམས་ལས་ བརྒྱ་ཆ་༤༤) བགོ་བཀྲམ་འབད་ཐོག་ལས་ ཡར་སེང་སོང་ཡོདཔ་བཞིན་དུ་ གཞུང་གིས་ རྩིས་ལོ་༢༠༢༡-༢༢ ནང་ འཆར་དངུལ་ཡར་སེང་འབད་ནི་ ལས་འཆར་ཡོདཔ་ཨིན་པས།

ལྷན་ཁག་དང་འཁྲིལཝ་ད་ སྤྱི་ཟླ་༧ པ་ཚེས་༡ ལས་ འགོ་བཙུགས་ནི་ཨིན་མི་ རྩིས་ལོ་ནང་ གཞུང་གིས་ དངུལ་ཀྲམ་ཐེར་འབུམ་༣༨ ཟད་འགྲོ་གཏང་ནི་ཨིནམ་བཞིན་དུ་ ཟད་འགྲོ་ཡར་སེང་སོང་མི་གིས་ རྩིས་ཆད་དང་ མི་མང་བུ་ལོན་ཡང་ ཡར་འཕར་འགྱོ་ནི་ཨིན་པས།

འཆར་གཞི་༡༡ པའི་ ལོ་མཇུག་ལུ་ སྤྱིར་བཏང་མི་མང་བུ་ལོན་ བརྒྱ་ཆ་༨༧ ཡོད་མི་ལས་ ད་རེས་ བརྒྱ་ཆ་༡༢༠ ལུ་ ཡར་སེང་སོང་ཡོདཔ་ད་ དུས་ཅི་ མཁོ་ལོང་ཆུ་གློག་མེ་ལས་འགུལ་ འགོ་བཙུགས་མི་ལུ་བརྟེན་ དངུལ་རྩིས་ལྷན་ཁག་གིས་འབད་བ་ཅིན་ མ་འོངས་པ་ལུ་ མི་མང་བུ་ལོན་ བརྒྱ་ཆ་༡༣༠ ལུ་ ཡར་སེང་འགྱོ་ནིའི་ ཚོད་རྩིས་བཏོན་ཡོདཔ་ཨིན་པས།

ཨིན་རུང་ གཞུང་གིས་འབད་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེའི་ བུ་ལོན་དེ་ ལས་འགུལ་དེ་ནང་ལས་ ཐོན་སྐྱེད་འབད་ཚུགས་རུང་ ཆུར་བརྟེན་གློག་མེ་མེན་པའི་ བུ་ལོན་ཚུ་ ན་ཧིང་ སྤྱི་ཟླ་༣ པའི་ནང་ དངུལ་ཀྲམ་ཐེར་འབུམ་༤༧.༨༤༢ ལུ་ ཡར་སེང་སོང་ཡོདཔ་ཨིན་པས།

འཆར་གཞི་༡༢ པའི་དམིགས་གཏད་དེ་ ཆུར་བརྟེན་གློག་མེ་མེན་པའི་ བུ་ལོན་གྱིས་ འཛིན་སྐྱོང་འཐབ་དོ་ཡོདཔ་བཞིན་དུ་ མ་དངུལ་དེ་ཡང་ དངུལ་འབྲེལ་ལས་སྣ་ཚུ་ལུ་བརྟེན་ སྐྱིན་འགྲུལ་ལེན་ཡོདཔ་ཨིན་པས།

གཞུང་གིས་ གློག་མེ་ལས་འགུལ་གསརཔ་ འགོ་མ་བཙུགས་པར་ཡོདཔ་ད་ གློག་མེ་ལས་འགུལ་ མཇུག་མ་བསྡུ་མི་ལུ་བརྟེན་ མི་མང་གི་བུ་ལོན་ ཡར་སེང་སོང་ཡོདཔ་ཨིན་པས།

འཆར་གཞི་༡༢ པའི་ བར་མཚམས་བསྐྱར་ཞུའི་སྐབས་ དངུལ་རྩིས་དྲུང་ཆེན་ ཉིམ་རྡོ་རྗེ་གིས་ སླབ་མིའི་ནང་ བུ་ལོན་གྱི་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ཆ་ཚད་དེ་ དཔལ་འབྱོར་རྩ་བརྟན་གྱི་ བརྡ་དོན་ཅིག་ཨིནམ་བཞིན་དུ་ བུ་ལོན་དེ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལས་ བརྒྱ་ཆ་༦༠ ཡོད་པ་ཅིན་ ཚད་ལྡན་ཨིན་ཟེར་ཨིན་པས།

ཁོ་གིས་ དཔེ་བཟུམ་ཅིག་སྦེ་ སླབ་མིའི་ནང་ ཇ་པཱན་དང་ ཡུ་ཨེསི་གི་བུ་ལོན་དང་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་གྱི་ཆ་ཚད་དེ་ བརྒྱ་ཆ་༢༢༠ དང་༡༠༦ རེ་ འདུག་ཟེར་ཨིནམ་ད་ ཨིན་རུང་ ཁོང་གི་ མི་མང་བུ་ལེན་དེ་ ནང་འཁོད་ཏི་རུ་ལས་ཨིན་མི་དེ་ཡང་ རྒྱལ་ཁབ་༢ ཀྱིས་ ནང་འཁོད་ཁྲོམ་ཁ་ལས་ བུ་ལོན་ལེནམ་མས་ཟེར་ཨིནམ་ད་ ང་བཅས་འབྲུག་ལུ་འབད་བ་ཅིན་ མི་མང་བུ་ལོན་དེ་ ཕྱིའི་དངུལ་ཐོག་ལས་ ལེནམ་ཨིན་ཟེར་ཨིན་པས།

དྲུང་ཆེན་གྱིས་ སླབ་མིའི་ནང་ བཟོ་གྲྭ་འཕྲུལ་ཁང་ཚུ་ ལོག་བསྐྱར་གསོ་འབད་ནི་ལུ་ དུས་ཚོད་འགོར་ནི་ཨིན་པའི་ཁར་ གལ་སྲིད་ སྤུ་ན་གཙང་ཆུ་གློག་མེ་འཕྲུལ་ཁང་དང་པ་ ལག་ལེན་འཐབ་ནི་ འགོ་བཙུགས་པའི་ཤུལ་ལས་ དཔལ་འབྱོར་ཡར་དྲག་གཏང་ནི་ལུ་ ལྷན་ཐབས་སྦོམ་སྦེ་ར་ འབྱུང་ཚུགས་ཟེར་ཨིན་པས།

གློག་ཤུགས་མེ་ག་ཝཱཊ་༡,༢༠༠ འབད་མི་ ལས་འགུལ་དེ་ སྤྱི་ལོ་༢༠༢༤ ལུ་ མཇུག་བསྡུ་ནི་ཨིན་པས།

ཟད་འགྲོ་ཡར་སེང་སོང་མི་ གནད་དོན་གཅིགཔོ་དེ་ དཔལ་འབྱོར་མཁས་མཆོག་ཚུ་དང་འཁྲིལཝ་ད་ ཁྲོམ་ཁར་ སྐྱ་ནམ་གྱི་གོང་ཚད་ ཡར་འཕར་སོང་མི་ལུ་བརྟེན་ཨིནམ་ད་ གནད་དོན་དེ་ སེལ་ཐབས་འབད་ནིའི་ ཐབས་ཤེས་བཏོན་པ་ཅིན་ ཚོང་མགྲོན་པའི་ལག་པར་ ཏི་རུ་ཡང་ ཡར་སེང་སོང་འོང་ཟེར་ཨིན་པས།

ད་རེས་ སྤྱིར་བཏང་རྩིས་ལོ་ནང་ གོང་ཚད་ཡར་འཕར་དེ་ སྤྱིར་སྙོམས་ལུ་ བརྒྱ་ཆ་༦.༤ ཡོད་རུང་ བཟའ་འཐུང་གི་གོང་ཚད་དེ་ བརྒྱ་ཆ་༡༥.༢ དེ་ཅིག་ ཡར་སེང་འགྱོ་ནི་བཟུམ་ཅིག་འདུག་ཟེར་ ཨེ་ཤི་ཡཱན་གོང་འཕེལ་དམིགས་གཏད་༢༠༢༠ ཅན་མའི་ནང་ གསལ་བཀོད་འབད་ནུག།

དངུལ་རྩིས་ལྷན་ཁག་དང་འཁྲིལཝ་ད་ སྤྱི་ཟླ་༣ པའི་ཚེས་༣༡ གི་ནང་འཁོད་ལུ་ ཕྱི་དངུལ་ དངུལ་ཀྲམ་ཐེར་འབུམ་༡.༥ ཡོད་མི་ལས་ དངུལ་ཀྲམ་ཐེར་འབུམ་༡.༡ ཌོ་ལར་དང་ དངུལ་ཀྲམ་ས་ཡ་༢༤.༦ (རྒྱ་གར་གྱི་རུ་པི་) དེ་ཅིག་ཡོདཔ་ཨིན་པས།

རྩ་ཁྲིམས་ཆེན་མོ་དང་འཁྲིལཝ་ད་ ཕྱི་དངུལ་ཟུར་གསོག་ཉུང་ཤོས་ར་ ལོ་༡ ལས་མ་ཉུང་པའི་ ཉེར་མཁོའི་ནང་འདྲེན་གྱི་ རིན་གོང་བདའ་ཟུན་ཚུགས་པའི་རྒྱུན་སྐྱོང་ ངེས་པར་འཐབ་དགོཔ་སྦེ་ ཡོདཔ་ཨིན་པས།

དངུལ་རྩིས་དྲུང་ཆེན་གྱིས་ སླབ་མིའི་ནང་ ད་ལྟོ་ གསོག་འཇོག་མ་དངུལ་དེ་གིས་ ཟླཝ་༢༠ ལྷགཔ་ཅིག་ ལང་ཚུགས་ནི་ཨིན་པའི་ཁར་ རྩ་ཁྲིམས་ཆེན་མོའི་ནང་ ཉེར་མཁོའི་ནང་འདྲེན་གྱི་ རིན་གོང་བདའ་ཟུན་ཚུགསཔ་སྦེ་ བཟོ་ཐབས་ལུ་ རྒྱལ་ཁབ་ཀྱིས་ དགོངས་དོན་གྲུབ་ཐབས་ལུ་ དངུལ་ཀྲམ་ས་ཡ་༦༦༣ རྒྱུན་སྐྱོང་འབད་དགོ་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *