རྒྱལ་ཁབ་ཀྱི་ གོང་འཕེལ་དོན་ལུ་ ཇ་པཱན་གཞུང་གིས་ གྲོགས་རམ་འཕྲོ་མཐུད་བྱིན་ནི།

༉ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ འཆར་གཞི་༡༢ པའི་ སྔོན་འགྲོའི་བརྟག་ཞིབ་སྙན་ཞུ་དང་འཁྲིལ་བ་ཅིན་ འཆར་ལོ་ནང་ རྒྱལ་ཁབ་ནང་ མ་དངུལ་གྱི་ཐོན་ཁུངས་དང་ ཟད་འགྲོའི་བར་ན་ ས་སྟོང་དངུལ་ཀྲམ་ཐེར་འབུམ་༤༤ དེ་ཅིག་ འཐོན་ནི་མས་ཟེར་ཨིན་པས།
དེ་ཡང་ འཆར་ལོ་དེ་ནང་ ཐོན་སྐྱེད་མ་དངུལ་ དངུལ་ཀྲམ་ཐེར་འབུམ་༢༨༠ ལས་བརྒལ་མེད་རུང་ ཟད་འགྲོ་ དངུལ་ཀྲམ་ཐེར་འབུམ་༢༣༦ དེ་ཅིག་ གཏང་དགོཔ་འཐོན་ནི་ཨིན་པས།
དེ་འབདཝ་ལས་ རྒྱལ་ཁབ་ཀྱི་ མི་སྡེ་དཔལ་འབྱོར་གོང་འཕེལ་དོན་ལུ་ ཕྱིའི་གྲོགས་རམ་དེ་ གལ་ཅན་ཅིག་ཨིན་ཟེར་ ཁ་ཙ་ ཇ་པཱན་དང་ འབྲུག་གཞུང་གི་བར་ན་ ཞལ་འཛོམས་འཚོགས་པའི་སྐབས་ གཞུང་གི་འཐུས་མི་སྡེ་ཚན་གྱིས་ གསལ་ཞུ་འབད་ཡི།
རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཐོ་དང་འཁྲིལ་བ་ཅིན་ ད་རེས་ རྒྱལ་ཁབ་ཀྱི་ ནང་འཁོད་འོང་འབབ་ དངུལ་ཀྲམ་ཐེར་འབུམ་༢༢༦ ལས་བརྒལ་མེད་རུང་ རྒྱུན་སྐྱོང་ཟད་འགྲོ་དེ་ དངུལ་ཀྲམ་ཐེར་འབུམ་༡༨༩ ལུ་གནས་ཡོདཔ་མ་ཚད་ གློག་མེ་ལས་འགུལ་བཟོ་སྐྲུན་གྱི་དོན་ལུ་ རྒྱ་གར་གཞུང་ལས་ བསྐྱིན་འགྲུལ་ལེན་མི་ཚུ་གི་དོན་ལུ་ སྐྱིན་ཚབ་ར་ དངུལ་ཀྲམ་ཐེར་འབུམ་༢༠ བཏབ་དགོཔ་འཐོན་ནི་ཨིན་པས།
རྒྱལ་ཁབ་ནང་ ཇ་པཱན་གཞུང་གིས་ ཇའི་ཀ་ལས་རིམ་ཐོག་ལས་ གྲོགས་རམ་གནང་མི་དེ་ ཕྱིའི་གྲོགས་རམ་ཚུ་གི་གྲས་ལས་ སྦོམ་ཤོས་ཅིག་ཨིནམ་ད་ ལས་རིམ་གྱི་ཐོག་ལས་ གྲོགས་རམ་ངོ་མ་ར་ ས་ནོམ་དང་ གྲོང་གསེབ་གོང་འཕེལ་དང་ གཞི་རྟེན་མཁོ་ཆས་ ས་གནས་གཞུང་ བཟོ་གྲྭ་གོང་འཕེལ་ལས་རིམ་ ཁྲོམ་སྡེའི་རང་བཞིན་གནས་སྟངས་སྲུང་སྐྱོབ་ དེ་ལས་ གནམ་གཤིས་འགྱུར་བགྲོད་ལུ་ གདོང་ལེན་འབད་ནིའི་ ལས་རིམ་ཚུ་ཨིན་པས།
ཞལ་འཛོམས་ཀྱི་སྐབས་ རྒྱ་གར་ལུ་ཡོད་པའི་ ཇ་པཱན་གཞུང་ཚབ་ཡིག་ཚང་གི་ དཔལ་འབྱོར་དང་གོང་འཕེལ་གྱི་འཐུས་ཚབ་ གཙོ་འཛིན་ཀོན་ཀོ་ སོ་ནི་གིས་འབད་བ་ཅིན་ ཇ་པཱན་གཞུང་གིས་ རྒྱལ་ཁབ་ནང་ མ་དངུལ་གྱི་ གྲོགས་རམ་ཚུ་ འཕྲོ་མཐུད་དེ་ར་ གནང་ནི་ཟེར་ཨིནམ་ད་ དེ་ཡང་ ལས་རིམ་དེ་ལུ་བརྟེན་ མི་སྡེ་དཔལ་འབྱོར་ལུ་ ཕན་ཐོགས་སྦོམ་འབྱུང་ནི་དེ་གིས་ ཨིན་ཟེར་ཨིན་པས།
སོ་ནམ་དང་གྲོང་གསེབ་གོང་འཕེལ་གྱི་དོན་ལུ་ ཇ་པཱན་གཞུང་གིས་ ཇ་པཱན་གྱི་ཏི་རུ་ ཡེན་ས་ཡ་༩༦༠ གནང་མིའི་ཐོག་ལས་ སྤྱི་ལོ་༢༠༡༤ ལས་འགོ་བཙུགས་ སྤྱི་ལོ་༢༠༢༡ ཚུན་གྱི་བར་ན་ སོ་ནམ་འཕྲུལ་ཆས་ཚུ་ མཁོ་སྒྲུབ་འབད་ནི་དང་ ཤིང་འབྲས་དང་ ལོ་ཐོག་གི་རིགས་ཚུ་ གོང་འཕེལ་གཏང་ནིའི་ལཱ་ཚུ་ འབད་དོ་ཡོདཔ་མ་ཚད་ ལས་རིམ་དེའི་ཐོག་ལས་ སོ་ནམ་འཕྲུལ་ཆས་ པ་ཝར་ཊི་ལར་༣༥༢ ཡང་ དུས་ཅི་གི་ ལོ་མཇུག་བསྡུ་ཁམས་ཅིག་ཁར་ རྒྱལ་ཁབ་ནང་ ལྷོད་ནི་ཨིན་པས།
གྲོང་གསེབ་གོང་འཕེལ་ལས་རིམ་ཐོག་ལས་ ཡེན་ས་ཡ་༨,༠༦༥ གྲོགས་རམ་བྱིན་ཡོདཔ་ད་ དེའི་ཐོག་ལས་ གྲོང་གསེབ་ནང་ གློག་མེའི་ཞབས་ཏོག་བྱིན་ནི་དང་ ཟམ་རྐྱབ་ནི་ ཟམ་རྙིངམ་ཚུ་ ཉམས་བཅོས་འབད་ནི་ཨིནམ་ད་ ས་གནས་གཞུང་ སྒྲིང་སྒྲི་བཟོ་ནིའི་དོན་ལུ་ ཡེན་ས་ཡ་༥༩༢ གྲོགས་རམ་བྱིན་མི་དེ་ ས་གནས་གཞུང་གི་ གནས་ཚད་ནང་ གསོ་བའི་འཕྲུལ་ཆས་ཚུ་ བཀྲམ་སྤེལ་འབད་ནིའི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
ཁྲོམ་ཁར་ རང་བཞིན་གནས་སྟངས་ཀྱི་ སྲུང་སྐྱོབ་ལས་རིམ་ འགོ་འདྲེན་འཐབ་ནིའི་དོན་ལུ་ ཡེན་ས་ཡ་༣༦༢ གྲོགས་རམ་བྱིན་མིའི་ཐོག་ལས་ ས་ཆ་འཛིན་སྐྱོང་འཐབ་ནི་དང་ ཁྲོམ་སྡེ་གོང་འཕེལ་གྱི་དོན་ལུ་ འཆར་གཞི་བརྩམ་ནིའི་ལཱ་ཚུ་ནང་ ལག་ལེན་འཐབ་དོ་ཡོདཔ་ད་ དེ་ལས་ གནམ་གཤིས་འགྱུར་བགྲོད་ཀྱི་ གནོད་སྐྱོན་ཚུ་ གདོང་ལེན་འབད་ནིའི་དོན་ལུ་འབད་བ་ཅིན་ ཡེན་ས་ཡ་༣༥༢ གྲོགས་རམ་བྱིན་མིའི་ཐོག་ལས་ རང་བཞིན་གྱི་ རྐྱེན་ངན་འབྱུང་བའི་སྐབས་ བརྒྱུད་འབྲེལ་ཞབས་ཏོག་ལེགས་བཅོས་དང་ ས་ཡོམ་གྱི་གནོད་སྐྱོན་ བཀག་ཐབས་ཀྱི་དོན་ལུ་ སྒྲིང་ཁྱིམ་གྱི་ བཟོ་བཀོད་འབད་ནིའི་དོན་ལུ་ཨིན་པས།
འཆར་གཞི་༡༡ པའི་ནང་ ཇ་པཱན་གཞུང་གིས་ ད་ལྟོ་ཚུན་ ཡུ་ཨེསི་ཌོ་ལར་ས་ཡ་༧༢ བྱིན་ཡོདཔ་ད་ སྤྱི་ལོ་༢༠༡༦ ལས་ སྤྱི་ལོ་༢༠༡༧ གྱི་ ཟླཝ་༨ པ་ཚུན་ ཡུ་ཨེསི་ཌོ་ལར་ས་ཡ་༡༠.༨ གྲོགས་རམ་བྱིན་ནུག།
ཁ་ཙ་འཚོགས་མི་ ཇ་པཱན་གཞུང་དང་ འབྲུག་གཞུང་གི་ དཔལ་འབྱོར་གོང་འཕེལ་མཐུན་འབྲེལ་གྱི་ ཞལ་འཛོམས་དེ་ ཐེངས་༡༢ པ་ཨིནམ་ད་ དེ་ནང་ རྒྱ་གར་ལུ་ཡོད་པའི་ ཇ་པཱན་གཞུང་ཚབ་ཡིག་ཚང་དང་ འབྲུག་ལུ་ཡོད་པའི་ ཇ་པཱན་ལས་སྡེའི་འགོ་དཔོན་ དེ་ལས་ ལས་སྡེའི་འགོ་དཔོན་ཚུ་གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོ་པའི་རྒྱབ་ཁུངས་དང་ དྲིན་ལན་འཇལ་ནིའི་ཐབས་ལམ།

༉ རང་ཟླ་༩ པའི་ཚེས་༢༢ ལུ་ ལྷ་བབས་དུས་ཆེན་གྱི་ཉིནམ་འདི་ དྲིན་ཅན་ཕ་མའི་ཉིནམ་སྦེ་ བརྩི་སྲུང་ཞུཝ་ཨིན།  དེ་སྦེ་བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོཔ་ ཁག་ཆེཝ་ཨིནམ་ ཤེས་ནིའི་དོན་ལུ་ཨིན། ཕམ་ཚུ་ལུ་ དྲིན་ལན་འཇལ་དགོ་པའི་ཁུངས་ …

Leave a Reply

Your email address will not be published. Required fields are marked *