རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་ཚད་ ལེགས་ཤོམ་ཐོག་ལུ་ཡོདཔ།

༉ འཕྲལ་ཁམས་ཅིག་ཁར་ རྒྱལ་སྤྱི་དངུལ་འབྲེལ་ལས་ཚོགས་ཀྱི་ སྙན་ཞུ་དང་འཁྲིལ་བ་ཅིན་ འབྲུག་འདི་ ཨེ་ཤི་ཡ་དང་ ཨཱཕ་རི་ཀ་ལུང་ཕྱོགས་ནང་ དཔལ་འབྱོར་གོང་འཕེལ་ མགྱོགས་དྲགས་འགྱོ་མིའི་གྲས་ཁར་ ཨང་༣ པ་ཨིན་པས།
སྙན་ཞུ་དང་འཁྲིལ་བ་ཅིན་ དཔལ་འབྱོར་གོང་འཕེལ་མགྱོགས་དྲགས་འགྱོ་མི་ ཨང་དང་པ་ མི་ཡཱན་མར་རྒྱལ་ཁབ་ནང་ བརྒྱ་ཆ་༨.༦ དང་ དེའི་འོག་ལས་ ཨ་ཝ་རི་ཀོས་ནང་བརྒྱ་ཆ་༨.༥ དེ་ལས་ ཨང་༣ པ་ འབྲུག་རྒྱལ་ཁབ་ནང་ བརྒྱ་ཆ་༨.༤ ཨིནམ་ད་ སྙན་ཞུ་དེ་ རྒྱལ་སྤྱི་དངུལ་འབྲེལ་ལས་ཚོགས་ཀྱིས་ རྒྱལ་ཁབ་ལེ་ཤ་ཅིག་ནང་ གོང་འཕེལ་གྱི་གནས་ཚད་དེ་ ལྟ་ཞིབ་འབད་བའི་ཤུལ་ལས་ གསལ་སྟོན་འབད་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ དཔལ་འབྱོར་གོང་འཕེལ་གྱི་ གནས་ཚད་ལེགས་ཤོམ་ཡོད་མི་དེ་ གློག་མེ་འཕྲུལ་ཁང་ལེ་ཤ་ཅིག་ཡོདཔ་མ་ཚད་ ལ་ལོ་ཅིག་ བཟོ་སྐྲུན་འབད་བའི་བསྒང་ཡོདཔ་་ལས་ དེ་གིས་ རྒྱལ་ཁབ་གོང་འཕེལ་གཏང་ཚུགས་པའི་ འོས་འབབ་ ཡོད་ནི་དེ་གིས་ཨིན་པས།
ལྟ་ཞིབ་ཁྱད་ཆོས་གཞན་ཡང་ རྒྱལ་ཁབ་ཚུ་ནང་ ཞི་བདེ་དང་ མི་སེར་ཚུ་ལུ་དགའ་སྐྱིད་ དེ་ལས་ གཞི་རྟེན་མཁོ་ཆས་ཀྱི་ ཁྱབ་ཚད་ཚུ་ལུ་ཡང་ གཞི་བཞག་ཡོདཔ་ཨིན་པས།
གློག་མེའི་ཐད་ལས་འབད་བ་ཅིན་ གློག་ཤུགས་མེ་ག་ཝཱཊ་༡,༢༠༠ འབད་མི་ དར་ལ་གློག་མེ་འཕྲུལ་ཁང་དང་ ཆུ་ཁ་ གློག་མེ་འཕྲུལ་ཁང་ དེ་ལས་ ཀུར་རི་ཆུ་གློག་མེ་འཕྲུལ་ཁང་ཚུ་གི་ སྐྱིན་ཚབ་སྤྲོད་ཚར་ནི་དེ་གིས་ ད་ལྟོ་ གློག་མེ་ཕྱིར་ཚོང་འཐབ་མི་ག་ར་ རྒྱལ་ཁབ་ཀྱི་འོང་འབབ་སྦེ་ སྤྱོད་ཚུགསཔ་ལས་ དེ་གིས་ གོང་འཕེལ་གྱི་ལཱ་ལུ་ ཕན་ཐོགས་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས།
དེ་ལས་ དར་དཀར་ཆུ་གློག་མེ་ལས་འགུལ་གྱིས་ཡང་ འོང་འབབ་ལུ་ ཁེ་ཕན་སྦོམ་སྦེ་ར་ འབྱུང་ནི་ཨིནམ་མ་ཚད་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དང་པ་དང་ ལས་འགུལ་༢ པ་ དེ་ལས་ མང་སྡེ་ཆུ་གློག་མེ་ལས་འགུལ་ཚུ་གིས་ཡང་ དཔལ་འབྱོར་གོང་འཕེལ་ལུ་ ལྷག་པར་དུ་ ཕན་ཐོགས་འབྱུང་ནི་ཨིན་མི་དེ་ཡང་ ད་ལྟོ་ལས་ར་ དཔལ་འབྱོར་གོང་ཚད་ཀྱི་ ལྟ་ཞིབ་དོན་ལུ་ ངོས་ལེན་འབད་ཡོདཔ་ཨིན་པས།
དེ་མ་ཚད་ བཟོ་སྐྲུན་འགོ་བཙུགས་ཡོད་མི་ ཉེ་ར་ཨ་མོ་ཆུ་དང་ མཁོ་ལོང་ཆུ་གློག་མེ་ལས་འགུལ་ཚུ་ཡང་ དཔལ་འབྱོར་གོང་འཕེལ་གྱི་ གནས་ཚད་ནང་འབདཝ་ལས་ མ་འོངས་པ་ལུ་ དཔལ་འབྱོར་གོང་འཕེལ་ལུ་ ཕན་ཐོགས་ཡོད་ནི་དེ་གིས་ཨིན་པས།
སྙན་ཞུ་དང་འཁྲིལ་བ་ཅིན་ ཡར་རྒྱས་འགྱོ་ཚར་མི་དང་ འགྱོ་བའི་བསྒང་ཡོད་མི་ རྒྱལ་ཁབ་ཚུ་ནང་ དཔལ་འབྱོར་གོང་འཕེལ་གྱི་ ཚད་གཞི་དེ་ བརྒྱ་ཆ་༧ དང་༦ དེ་ཅིག་གུ་ གནས་ནུག་ཟེར་ཨིནམ་ད་ དེ་ཡང་ རྒྱ་ནག་ལུ་འབད་བ་ཅིན་ གོང་འཕེལ་གྱི་ཚད་གཞི་དེ་ བརྒྱ་ཆ་༦ དང་ རྒྱ་གར་ལུ་ བརྒྱ་ཆ་༧.༥ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *