རྒྱབ་མི་སྦེ་ བཅའ་མར་གཏོགས་དགོ་པ་ཅིན་ ཆོས་རྒྱུགས་ནང་ལས་ མཐར་འཁྱོལ་དགོཔ།

༉ ད་ལས་ཕར་ རྒྱབ་མི་སྦེ་ བཅའ་མར་གཏོགས་དགོ་པ་ཅིན་ ཆོས་རྒྱུགས་ནང་ལས་ མཐར་འཁྱོལ་འབྱུང་དགོཔ་ཨིནམ་ད་ དེའི་སྐོར་ལས་ ཁ་ཙ་ འབྲུག་གི་རྒྱབ་མི་ཚོགས་སྡེའི་ ཞལ་འཛོམས་སྐབས་ གསལ་བཀོད་འབད་ཡོདཔ་ད་ ཆོས་རྒྱུགས་རྐྱབ་དགོ་པའི་སྐོར་ལས་ རྒྱབ་མིའི་ཆོས་རྒྱུགས་སྒྲིག་གཞི་ཟིན་བྲིས་ནང་ འཁོད་དེ་ཡོདཔ་ཨིན་པས།
འབྲུག་གི་རྒྱབ་མི་ཚོགས་སྡེ་ གཞི་བཙུགས་འབད་བའི་ཤུལ་ལས་ ཚོགས་སྡེའི་འཐུས་མི་ཚུ་དང་ འབྲེལ་ཡོད་ལས་སྡེ་ཚུ་གི་བར་ན་ ཁ་ཙ་ འགོ་ཐོག་ ཞལ་འཛོམས་འཚོགས་པའི་སྐབས་ ཚོགས་སྡེ་གིས་ གནད་དོན་ཁག་༣ གསལ་བཀོད་འབད་ཡོདཔ་ད་ དེ་ཡང་ རྒྱབ་མི་སྦེ་ བཅའ་མར་གཏོགས་ནིའི་དོན་ལུ་ ཆོས་རྒྱུགས་ཀྱི་ལམ་ལུགས་དང་ རྒྱབ་མིའི་ཀུན་སྤྱོད་རྣམ་གཞག་གི་ཁྲིམས་ལུགས་ དེ་ལས་ ཚོགས་སྡེ་གི་ བྱ་སྒོའི་ལམ་ལུགས་ཚུ་ཨིན་པས།
ཁ་ཙ་ ཞལ་འཛོམས་ཀྱི་ འགོ་འབྱེད་རྟེན་འབྲེལ་སྐབས་ འབྲུག་གི་རྒྱབ་མི་ཚོགས་སྡེའི་གཙོ་འཛིན་ མི་དབང་རྒྱལ་པོའི་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་གིས་ གསུངས་མིའི་ནང་ འབྲུག་གི་རྒྱབ་མི་ཚོགས་སྡེ་ གཞི་བཙུགས་འབད་ཞིནམ་ལས་ ཚོགས་སྡེའི་ དམིགས་ཡུལ་དང་ འགན་ཁུར་ཚུ་ འགྲུབ་ནིའི་དོན་ལུ་ ཞལ་འཛོམས་འཚོགས་པའི་སྐབས་ ང་བཅས་ཀྱིས་ དེ་འཕྲོ་ལས་ གནད་དོན་གསུམ་གྱི་ ལམ་ལུགས་ཚུ་བཟོ་དགོཔ་སྦེ་ མཐོང་ཅི་ཟེར་ཨིན་པས།
དེ་ཡང་ རྒྱབ་མིའི་ཆོས་རྒྱུགས་ཀྱི་ལམ་ལུགས་དང་ ཀུན་སྤྱོད་རྣམ་གཞག་གི་ཁྲིམས་ལུགས་ དེ་ལས་ ང་བཅས་རའི་ ཚོགས་སྡེ་གི་ བྱ་སྒོའི་ལམ་ལུགས་ཚུ་ཨིནམ་ད་ དེ་ཚུ་ག་ར་ ང་བཅས་རའི་ཚོགས་སྡེ་དེ་ སྒྲིང་སྒྲི་བཟོ་ནི་ལུ་ ཁག་ཆེ་ཤོས་ཅིག་ འབད་ནི་དེ་གིས་ ཨིན་ཟེར་ཨིན་པས།
གཙོ་འཛིན་མཆོག་གིས་ གསུངས་མིའི་ནང་ ང་བཅས་རའི་ རྒྱབ་མི་གི་ལཱ་དེ་ ཁྱད་རིག་གི་ ཞབས་ཏོག་ཅིག་འབདཝ་ལས་ རྒྱབ་མིའི་ཆོས་རྒྱུགས་ཀྱི་ ལམ་ལུགས་དེ་ ཁྲིམས་ཀྱི་ཞབས་ཏོག་ཚུ་ ཁྱད་རིག་ཐོག་ལས་ ཕུལ་ཚུགས་མི་ ཡོན་ཏན་དང་ལྕོགས་གྲུབ་ཡོད་པའི་རྒྱབ་མི་ བཙག་འཐུ་འབད་ནིའི་ ཐབས་ལམ་ཅིག་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ ང་བཅས་རའི་ རྒྱབ་མི་ཚོགས་སྡེ་དེ་ གཙུག་སྡེ་གསརཔ་ཅིག་འབདཝ་ལས་ འགོ་བཙུག་པའི་བསྒང་ལས་ མི་དམངས་ཀྱིས་ བློ་གཏད་ཡིད་ཆེས་ བསྐྱེད་ཚུགས་པའི་ གཙུག་སྡེ་ཅིག་སྦེ་ བཟོ་ནིའི་ཐབས་ལམ་བཏོན་དགོཔ་ལས་ དེའི་དོན་ལུ་ ང་བཅས་རའི་ཚོགས་སྡེ་གི་ བྱ་སྒོའི་ལམ་ལུགས་དེ་ སྒྲིང་སྒྲི་ཡོད་པ་ཅིན་ ཚོགས་སྡེ་གིས་ རྒྱབ་མི་ཚུ་གི་དོན་ལུ་ ཕྱག་ལཱ་ག་ཅི་ར་གནང་རུང་ དྭངས་གསལ་ཐོག་ལས་ འགན་འཁྲི་འབག་སྟེ་ ཕྱག་ཞུ་ནི་ལུ་ ཕན་ཐོགས་འབྱུང་འོང་ཟེར་ གཙོ་འཛིན་མཆོག་གིས་ གསུངས་ཡི།
རྒྱབ་མི་ཚོགས་སྡེ་གིས་ རྒྱབ་མི་བཙག་འཐུའི་དོན་ལུ་ ཆོས་རྒྱུགས་ཀྱི་ ཚོགས་ཆུང་ཅིག་ གཞི་བཙུགས་འབད་ནི་ཨིནམ་བཞིན་དུ་ ཚོགས་ཆུང་གི་ འཐུས་མི་དེ་ རྒྱབ་མིའི་ཚོགས་སྡེའི་འཐུས་མི་༡ དང་ འབྲུག་གི་རྒྱབ་མི་མཐུན་ཚོགས་ལས་ འཐུས་མི་༣ དེ་ལས་ ཁྲིམས་དོན་རིག་པའི་ མཁས་མཆོག་ཅིག་ འོང་ནི་ཨིན་པས།
རྒྱབ་མི་སྦེ་ བཅའ་མར་གཏོགས་དགོ་པ་ཅིན་ སྐྱེས་ལོ་༡༨ ཡན་ཆད་འབད་མི་དང་ ཤེས་ཚད་ཀྱི་ཐད་ཁར་ ཁྲིམས་དོན་གྱི་གཙུག་ལག་ཤེས་ཡོན་མཐར་འཁྱོལ་མི་ དེ་ལས་ ཁྲིམས་འགལ་གྱི་ལཱ་ནང་ འབྲེལ་གཏོགས་མེད་མི་ཅིག་ དགོཔ་ཨིནམ་ད་ འབྲུག་གི་རྒྱབ་མིའི་ བཅའ་ཁྲིམས་དང་འཁྲིལ་བ་ཅིན་ མི་ངོམ་གང་རུང་གིས་ རྒྱབ་མིའི་དོན་ལུ་ བཅའ་མར་གཏོགས་དགོ་པ་ཅིན་ སྤྱི་ལོ་༢༠༡༦ ཟླ་༧ པའི་ཚེས་༡༦ གི་ཧེ་མ་ལས་ ཁྲིམས་དོན་གྱི་ གཙུག་ལག་ཤེས་ཡོན་འཆང་མི་ཚུ་གིས་ རྒྱབ་མིའི་དོན་ལུ་ ཆོས་རྒྱུགས་རྐྱབ་མི་དགོ་ནི་ཨིན་པས།
དེ་འབདཝ་ད་ སྤྱི་ལོ་༢༠༡༦ ཟླ་༧ པའི་ཚེས་༡༦ གི་ཤུལ་ལས་ གཙུག་ལག་ཤེས་ཡོན་ མཐར་འཁྱོལ་ཡོད་རུང་ རྒྱབ་མི་སྦེ་ བཅའ་མར་གཏོགས་དགོ་པ་ཅིན་ རྒྱབ་མིའི་ཆོས་རྒྱུགས་ ངེས་བདེན་རྐྱབ་དགོཔ་ཨིནམ་ད་ ད་རེས་ རྒྱལ་ཁབ་ནང་ ཁྲིམས་དོན་གྱི་ གཙུག་ལག་ཤེས་ཡོན་འཆང་མི་༩༥ ཡོདཔ་ཨིན་པས།
ད་ལྟོ་ རྒྱབ་མི་ཚོགས་སྡེ་གིས་ གཙུག་ལག་ཤེས་ཡོན་འཆང་མི་༩༥ དང་ འབྲུག་གི་དྲང་ཁྲིམས་ལྷན་སྡེ་ལས་ དགོངས་ཞུ་འབད་མི་༣༢ ལུ་ རྒྱབ་མི་འབད་ཆོག་པའི་ གནས་སྐབས་ཀྱི་ ལག་ཁྱེར་བྱིན་ཡོད་རུང་ སྤྱི་ལོ་༢༠༡༨ ཟླཝ་༩ པ་ལས་ ལག་ཁྱེར་ཚུ་ག་ར་ ཆ་མེད་གཏང་ནི་ཨིན་པས།
རྒྱབ་མིའི་དོན་ལུ་ ཆོས་རྒྱུགས་ཀྱི་ ཐོ་བཀོད་འབད་བ་ཅིན་ མི་རེ་ལས་འཐུས་ དངུལ་ཀྲམ་༡༠,༠༠༠ དེ་ཅིག་ ལེན་ནིའི་འཆར་གཞི་ཡོདཔ་ད་ ཆོས་རྒྱུགས་དེ་ མི་ངོམ་གྱི་ རེ་འདོད་དང་བསྟུན་ རྫོང་ཁ་དང་ ཨིང་སྐད་གང་རུང་ཅིག་ནང་ ལེན་ནི་ཨིནམ་ད་ བཙག་འཐུའི་སྐུགས་ཚད་དེ་ རྒྱབ་མི་ཚོགས་སྡེའི་ འཐུས་མི་ཚུ་གིས་ གྲོས་ཐག་བཅད་ནི་ཨིན་ཟེར་ འབྲུག་གི་རྒྱབ་མི་ཆོས་རྒྱུགས་ཀྱི་ སྒྲིག་གཞི་ཟིན་བྲིས་ནང་ འཁོད་དེ་ཡོདཔ་ཨིན་པས།
འབྲུག་གི་རྒྱབ་མི་ཚོགས་སྡེའི་གཙོ་འཛིན་ མི་དབང་རྒྱལ་པའི་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་གིས་ དེ་ཁར་འཛོམས་མི་ཚུ་ལུ་ གསུངས་མིའི་ནང་ ང་བཅས་ཀྱིས་ རྒྱབ་མི་གི་ འགན་འཁུར་འབག་སྟེ་ རྒྱལ་ཁབ་དང་ མི་སེར་ལུ་ ཕྱག་ཞུ་བའི་སྐབས་ གཙོ་བོ་ར་ མི་སེར་ལུ་ དྲང་ཁྲིམས་ཀྱི་ཞབས་ཏོག་ཚུ་ ལེགས་ཤོམ་འཐོབ་ནིའི་དོན་ལུ་ དྲང་ཁྲིམས་ལྷན་སྡེ་ལུ་ ག་དེ་དྲག་དྲག་ རྒྱབ་སྐྱོར་ཕུལ་དགོ་པའི་ཁར་ ང་བཅས་རའི་ རྩ་ཁྲིམས་ཆེན་མོའི་གཞི་རྩ་ ཁྲིམས་ཀྱི་རིང་ལུགས་དེ་ སྒྲིང་སྒྲི་དང་ རྩ་བརྟན་བཟོ་ནིའི་ དམིགས་ཡུལ་བསྐྱེད་དེ་ ཕྱག་ཞུ་དགོ་ཟེར་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *