རྒྱབ་མི་ཅིག་ ལོ་ངོ་༡ གི་རིང་ རྒྱབ་མི་འབད་མི་ཆོག་ནི།

༉ སྒྲིག་ཁྲིམས་ཚོགས་ཆུང་གི་ ཞིབ་རྟོག་དང་འཁྲིལ་ འབྲུག་གི་རྒྱབ་མི་ཚོགས་སྡེ་གིས་ རྒྱབ་མི་ངག་དབང་སྟོབས་རྒྱས་ཀྱི་ རྒྱབ་ མིའི་ཆོག་ཐམ་དེ་ སྤྱི་ཟླ་༧ པའི་ཚེས་༡༥ ལས་ སྤྱི་ལོ་༢༠༢༣ ཟླ་༦ པའི་ཚེས་༡༤ ཚུན་ ལོ་ངོ་༡ གི་རིང་ ལག་ལེན་འཐབ་ནི་ལས་ བཀག་འཛིན་འབད་ཡོདཔ་ཨིན་པས།

ངག་དབང་སྟོབས་རྒྱས་ལུ་ རྒྱབ་མི་སྦེ་ ལཱ་འབད་མ་ཆོག་པའི་ བཀའ་རྒྱ་བྱིན་མི་དེ་ཡང་ ཁོ་གིས་ ཨམ་ཅིག་གི་ རྩོད་བཤེར་ནང་ རྒྱབ་མི་འབད་བའི་ ནམ་དུས་ལུ་ ཨམ་སྲུ་དེ་གི་ བྱང་ཕྱད་ཀྱི་ རྩོད་གཞི་གཞན་ཅིག་ནང་ རྒྱབ་མི་སྦེ་འཛུལ་ཏེ་ རྫོང་ཁག་གཞན་ཅིག་ནང་ རྩོད་བཤེར་འབད་མི་ལུ་བརྟེན་ ཁེ་ཕན་ལྟག་སྤྲོད་གསལ་སྟོན་མ་འབད་ནི་དེ་གིས་ཨིན་པས།

གནས་སྐབས་ཅིག་ རྒྱབ་མིའི་ཆོག་ཐམ་ མཚམས་འཇོག་འབད་མི་དང་འཁྲིལཝ་ད་ ངག་དབང་སྟོབས་རྒྱས་ཀྱིས་ བཀག་ཆ་འབད་བའི་ དུས་ཡུན་དེ་ནང་ ཧེ་མ་ལས་ འབད་འཕྲོ་ཡོད་མི་ རྩོད་བཤེར་དང་ རྩོད་གཞི་གསརཔ་ཚུ་ ཁྲིམས་ཀྱི་འདུན་སར་ རྒྱབ་མི་འབད་མི་ཆོག་ནི་ཨིན་པས།

གནད་དོན་དེ་ཡང་ ཨམ་སྲུ་ཅིག་གིས་ འབྲུག་གི་རྒྱབ་མི་ཚོགས་སྡེ་ལུ་ ངག་དབང་སྟོབས་རྒྱས་ཀྱིས་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ མོ་གི་རྩོད་གཞི་ནང་ རྒྱབ་མི་སྦེ་ གྲལ་གཏོགས་འབད་དོ་ཡོད་རུང་ སྤ་རོ་རྫོང་ཁག་ཁྲིམས་འདུན་ལུ་ མོ་གི་ བྱང་ཕྱད་ཀྱི་རྩོ ད་བཤེར་ནང་ཡང་ རྒྱབ་མི་སྦེ་ འཛུལ་ནུག་ཟེར་ ཉོགས་བཤད་བཙུགས་ཡོདཔ་ཨིན་པས།

སྤྱི་ལོ་༢༠༢༡ ཟླ་༡༠ པའི་ཚེས་༣ ལུ་ ངག་དབང་སྟོབས་རྒྱས་ཀྱིས་ སྒྲིག་གཞི་ཚོགས་ཆུང་ལུ་ ཁོ་ལུ་ ཉེས་འཛུགས་འབད་དོ་བཟུམ་སྦེ་ ཁེ་ཕན་ལྟག་སྤྲོད་གསལ་སྟོན་མ་འབད་བའི་ ཉེས་འཛུགས་ལུ་ ཁ་བཟེད་ཡོདཔ་ཨིན་པས།

ཚོགས་ཆུང་གིས་ དབྱེ་ཞིབ་འབདཝ་ད་ རྒྱབ་མི་གིས་ ཁ་བཟེད་པའི་ཁར་ ཁེ་ཕན་ལྟག་སྤྲོད་ཡོད་པའི་ ར་ཁུངས་གསལ་ཡོདཔ་ད་ འབྲུག་ གི་རྒྱབ་མི་ཚོགས་སྡེ་གི་ འཕྲི་སྣོན་བཅའ་ཁྲིམས་༢༠༡༦ ཅན་མའི་ དོན་ཚན་༣༦ པའི་ང་པ་དང་འཁྲིལཝ་ད་ རྒྱབ་མི་ཚུ་གིས་ ཁོང་གི་རྩོད་གཞི་གི་ རྩ་བོ་ཚུ་གི་ མཐའ་དོན་ལུ་ གུས་བཀུར་འབད་དེ་ རྩ་བོ་ལུ་ ཁེ་ཕན་ལྟག་སྤྲོད་ཡོད་པ་ཅིན་ རྒྱབ་མི་སྦེ་ འཛུལ་མ་ཆོགཔ་སྦེ་ བཀོད་དེ་ཡོདཔ་ཨིན་པས།

རྒྱབ་མི་དང་ ཉོགས་བཤད་བཀོད་མི་༢ ཀྱི་བར་ན་ སྤྱི་ལོ་༢༠༢༡ ཟླ་༡༠ པའི་ཚེས་༧ ལུ་ གན་ཡིག་བཟོ་མི་དང་འཁྲིལཝ་ད་ རྒྱབ་མི་གིས་ རྩོད་གཞི་དེ་ མངོན་མཐོ་ཁྲིམས་འདུན་ཚུན་ རྒྱབ་མི་འབད་བའི་ཤུལ་ལས་རྐྱངམ་གཅིག་ རྩོད་གཞི་རྩ་བོ་གིས་ ལྷག་ལུས་དངུལ་ཀྲམ་ འབུམ་༣ དེ་ བྱིན་ནི་སྦེ་ བཀོད་ཡོད་རུང་ མོ་རའི་རྒྱབ་མི་གིས་ རྒྱབ་མིའི་ཀུན་སྤྱོད་རྣམ་གཞག་ལས་ འགལ་ནུག་ཟེར་བཀོད་ནུག།

རྒྱབ་མི་གི་ བྱ་སྤྱོད་དེ་ ཁྱད་རིག་དང་མ་ལྡན་པའི་ བྱ་སྤྱོད་འབདཝ་ལས་ སྤྱི་ལོ་༢༠༡༦ ཅན་མའི་ རྒྱབ་མི་འཕྲི་སྣོན་བཅའ་ཁྲིམས་ཀྱི་ དོན་ཚན་ལས་ འགལ་ནུག་ཟེར་ཨིན་པས།

ཉོགས་བཤད་བཀོད་མི་ ཨམ་སྲུ་གིས་ རྒྱབ་མི་ལུ་ སྔོན་བྱིན་སྤྲོད་མི་ ཏི་རུ་གི་ཐད་ སྒྲིག་ཁྲིམས་ཚོགས་ཆུང་གིས་ དབྱེ་ཞིབ་འབདཝ་ད་ རྩོད་བཤེར་དོན་ལུ་ འཐུས་དངུལ་ཀྲམ་འབུམ་༥ སྦེ་ གན་ཡིག་བཟོ་མི་ལས་ སྔོན་བྱིན་དངུལ་ཀྲམ་འབུམ་༢ སྤྲོད་ཡོད་མི་དང་འཁྲིལ་ རྒྱབ་མི་གིས་ རྫོང་ཁག་དང་ ཆེ་མཐོ་ཁྲིམས་འདུན་ནང་ ཡིག་ཆ་ཚུ་ བདེ་སྒྲིག་འབད་བའི་ཁར་ ཁྲིམས་ཀྱི་གྲོས་སྟོན་ཚུ་བྱིན་ཏེ་ རྒྱབ་མི་འབད་ཡོདཔ་ལས་ ཚོགས་ཆུང་གིས་ སྔོན་བྱིན་ལེན་མི་དེ་ ལོག་སྤྲོད་དགོཔ་སྦེ་སླབ་ནིའི་ རྒྱབ་ཁུངས་མ་མཐོང་ཟེར་བཀོད་ནུག།

ཉོགས་བཤད་བཀོད་མི་ཨམ་སྲུ་གིས་ རྒྱབ་མི་སྔོན་བྱིན་སྤྲོད་མི་དེ་ ལོག་ལེན་ནིའི་ གྲོགས་རམ་འཚོལ་ཡོདཔ་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཕྱི་རྒྱལ་མདའ་གཞུའི་ མདའ་རྩེད་བཀག་ཆ་འབད་མི་གིས་ ཟ་ཁང་ལུ་ ཐོ་ཕོག་ཡོདཔ།

༉ ཐིམ་ཕུག་ལྕང་གླིང་མི་ཐང་གི་ འབའ་སྐྱོར་ཐང་ནང་ ཨ་རྟག་བཟུམ་སྦེ་ ཕྱི་རྒྱལ་མདའ་གཞུའི་ཐོག་ལས་ རྩེད་འགྲན་འབད་ནི་ བཀག་ཆ་འབད་བའི་ཤུལ་ལས་ ས་ཁོངས་ནང་ བཟའ་འཐུང་གི་རིགས་བཙོང་སྡོད་མི་ གནས་སྦྲེལ་ཟ་ཁང་གི་ ཇོ་བདག་ལུ་ གནོད་སྐྱོན་སྦོམ་རྐྱབ་སྟེ་ཡོདཔ་ཨིན་པས། དེ་ཡང་ དུས་ཅི་ སྤྱི་ཟླ་༡ …

Leave a Reply

Your email address will not be published. Required fields are marked *